ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གློག་སྒུལ་འཁོར་རིགས་ཀྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་གློག་སྒུལ་འཁོར་རིགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཉུང་དུ་བཏང་སྟེ།འགྲིམ་འགྲུལ་ལས་འཛོལ་མི་ཐོན་པར་བྱེད་པ་དང་སྔོན་འགོག་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁུལ་གྱི་ལམ་མདོ་ཁག་དང་ལམ་དུམ་ཁག་ཏུ་གློག་སྒུལ་འཁོར་རིགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཏེ།གློག་སྒུལ་འཁོར་རིགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཁག་ལ་ཞིབ་བཤེར་ནན་པོ་བྱས་ནས།གྲོང་ཁུལ་གྱི་འགྲིམ་འགྲུལ་སྒྲིག་ལམ་ཚད་ལྡན་དུ་བཏང་བ་དང་།གྲོང་མིའི་ཡ་རབས་ངང་ཕྱིར་སྐྱོད་པའི་འདུ་ཤེས་ཟབ་ཏུ་བཏང་བ། འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ལེགས་སུ་བཏང་བ་བཅས་བྱས་ཡོད།
ལྷ་སའི་འགྲིམ་འགྲུལ་ལྟེ་གནས་ཀྱི་ས་ཆ་ཞིག་ཡིན་པའི་ཆ་ནས་ལས་ཀ་གྲོལ་མཚམས་སུ་སླེབས་སྐབས། ལམ་ལྔ་མདོ་ཁར་ཕར་འགྲོ་ཚུར་འོང་བྱེད་མཁན་མང་པོ་ཡོད། ལམ་དུམ་དེར་གློག་སྒུལ་འཁོར་རིགས་ཀྱིས་གློག་དམར་ལས་བརྒལ་བ་དང་། ལྡོག་ཏུ་སྐྱོད་པ། སྦག་ཞྭ་མི་གྱོན་པ་སོགས་ཀྱི་གནས་ཚུལ་རྟག་ཏུ་མཐོང་རྒྱུ་ཡོད། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་གིས་རྒྱུན་ལྡན་གྱི་འགྲིམ་འགྲུལ་སྒྲིག་ལམ་ལ་འགོག་རྐྱེན་བཟོས་པར་མ་ཟད། ད་དུང་རྐང་ཐང་བ་དང་རླངས་འཁོར་ལ་བདེ་འཇགས་གནོད་པའི་རྐྱེན་ངན་ཆེན་པོ་བཟོས་ཡོད། འགྲིམ་འགྲུལ་སྒྲིག་ལམ་དང་གྲོང་ཁྱེར་གྱི་རྣམ་པ་ཡག་པོ་ཞིག་གཏོད་ཆེད། ཁོངས་གཏོགས་ཁུལ་དེའི་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཚོས་འགྲོ་སྐྱོད་བྱེད་མང་བའི་དུས་མཚམས་སུ་ཡུལ་དངོས་སུ་ཞིབ་བཤེར་ཡོ་བསྲང་དང་ཆེད་དོན་བཅོས་སྒྲིག་ཟུང་དུ་འབྲེལ་བའི་བྱ་ཐབས་བརྒྱུད།གློག་སྒུལ་འཁོར་རིགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་སྣ་ཚོཊ་ལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུའི་འགན་འཁུར་བ་རེད།
ཞིབ་བཤེར་ཡོ་བསྲང་བྱས་པ་དང་ཆབས་ཅིག་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པས་སློབ་གསོ་གཙོ་བོར་བྱེད་པ་དང་ཆད་གཅོད་ཕལ་པར་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་གློག་སྒུལ་འཁོར་རིགས་གཏོང་མཁན་ལ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་པའི་མཛུབ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག་ཡུལ་དངོས་སུ་དང་བླངས་པ་ཚོས་ལུས་ལ་སྟོད་གོས་དམར་པོ་གྱོན་ནས་འགྲོ་འོང་བྱེད་མཁན་ལ་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།
གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་པདྨ་ཚེ་རིང་གིས།ང་ཚོ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉིན་ལྟར་ལས་ཀ་ཚུགས་པ་གྲོལ་བའི་དུས་མཚམས་སུ་ལམ་ངོས་ཀྱི་སྐོར་གཡེང་དང་གནས་གཏན་འཁེལ་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད། ང་ཚོས་ཀྱང་ཁྲིམས་འཛིན་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་བཏང་ནས་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
པར་འདི་ནི་མི་དམངས་ཉེན་རྟོག་པ་དང་དང་བླངས་པས་ལམ་ལྔ་མདོ་ཁར་འགྲིམ་འགྲུལ་བཀོད་འདོམས་བྱེད་བཞིན་པའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社