ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་སློབ་གྲྭའི་ཕྱི་ནང་གི་རིག་རྩལ་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ནས་སློབ་གྲྭའི་ཕྱི་ནང་གི་བྱེད་སྒོར་ཧུར་ཐག་ཞུགས་མཁན་ཕུལ་བྱུང་སློབ་མར་གཟེངས་བསྟོད་བྱས་ཏེ།སློབ་གྲྭའི་རིག་གནས་ཀྱི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་ཧུར་བརྩོན་ཡར་ཐོན་གྱི་རིག་གནས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།
མཛད་སྒོའི་ཐོག་སློབ་གྲྭའི་རིམ་སྤེལ་གཙོ་དོན་བྱེད་སྒོའི་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། ལྷ་ས་གྲོང་ཁྱེར་རིམ་པ། སློབ་གྲྭ་རིམ་པ་བཅས་ཀྱི་བྱ་དགའ་རིགས་ཆེ་བ་བཞི་སྤྲད་པ་རེད། དེའི་ནང་2024ལོའི་རྒྱལ་ཡོངས་ཀྱི་དགེ་སློབ་ཀྱི་ཆ་འཕྲིན་བྱང་ཚད་མཐོར་གཏོང་གི་ལག་ལེན་བྱེད་སྒོའི(སྐབས་ཉེར་ལྔ་པའི་སློབ་མའི་བྱེད་སྒོ)བོད་ལྗོངས་འགྲན་ཁུལ་དང་། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་འགྲེམས་འཁྲབ་དང་པར་ལེན་རིགས་ཀྱི་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དང་དེ་བཞིན་2024ལོའི་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་བརྩམས་ཆོས་ལ་བྱ་དགའ་ཐོབ་པའི་ལག་ཁྱེར་སོགས་ཚུད་ཡོད་པ་རེད། དེའི་ཁྲོད་2024ལོའི་རྒྱལ་ཡོངས་ཀྱི་དགེ་སློབ་ཀྱི་ཆ་འཕྲིན་བྱང་ཚད་མཐོར་གཏོང་གི་ལག་ལེན་བྱེད་སྒོའི་བོད་ལྗོངས་འགྲན་ཁུལ་དཔྱད་འདེམས་ཁྲོད་མཐོ་རིམ་ལོ་རིམ་གསུམ་པའི་འཛིན་གྲྭ(11)པའི་སློབ་མ་བཟང་པོ་ཆོས་འཕེལ་དང་། མཐོ་རིམ་ལོ་རིམ་གཉིས་པའི་འཛིན་གྲྭ(13)པའི་སློབ་མ་པ་སངས་བུ་ཁྲིད། མཐོ་རིམ་ལོ་རིམ་གཉིས་པའི་འཛིན་གྲྭ(11)པའི་སློབ་མ་སྐལ་བཟང་རྣམ་རྒྱལ་བཅས་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་ཐོབ་ཅིང་། སློབ་གྲྭའི་འགན་འཁུར་བ་གཙོ་བོས་བྱ་དགའ་ཐོབ་པའི་སློབ་མར་བྱ་དགའ་སྤྲད་ཡོད་ལ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱིས་ཁོང་ཚོར་དགའ་བསུ་ཚད་མེད་ཞུས་ཡོད།
དམའ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ(1)པོའི་སློབ་མ་གངས་དཀར་དགྲ་འདུལ་གྱིས་བྱ་དགའ་ཐོབ་པའི་འཐུས་མིའི་ཐོབ་ཐང་ཐོག་ནས་གཏམ་བཤད་བྱས་པ་དེས་བྱེད་སྒོའི་མཐོ་རླབས་ཤིག་འཕྱུར་བར་བྱས་ཡོད། གངས་དཀར་དགྲ་འདུལ་ལ་ལྗོངས་དང་གྲོང་ཁྱེར་གྱི་སློབ་མའི་བརྩམས་ཆོས་དཔྱད་འདེམས་ཁྲོད་བྱ་དགའ་རིམ་པ་དང་པོ་གཉིས་ཐོབ་པ་དང་། ཁོང་གིས་པར་རྒྱག་དང་རི་མོའི་སྒྱུ་རྩལ་ལ་བཅངས་པའི་དགའ་ཞེན་དང་སྙིང་རུས་མཉམ་སྤྱོད་བྱས་ནས་སློབ་མ་ཚོར་ཕུགས་འདུན་དང་། རང་ལ་ཡིད་ཆེས། དཔའ་ངར། མཐའ་འཁྱོངས་བཅས་ཀྱི་སྟོབས་ཤུགས་ཚོར་ཐུབ་པར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་8པ་ནས་བཟུང་། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་དགེ་སློབ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ།སློབ་གྲྭའི་གཙོ་དོན་རིམ་སྤེལ་བྱེད་སྒོ་མང་པོའི་ནང་ཞུགས་པར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་བྱ་དགའ་ཐོབ་མཁན་མི་གྲངས་265ཟིན་ཡོད་པ་རེད། དེའི་ནང་རྒྱལ་ཁབ་རིམ་པའི་འགྲན་བསྡུར་ཁྲོད་མཚན་སྙན་ཐོབ་མཁན་2བྱུང་བ་དང་། རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་ཁྲོད་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་2དང་། བྱ་དགའ་རིམ་པ་གཉིས་པ་ཐོབ་མཁན་3 བྱ་དགའ་རིམ་པ་གསུམ་པ་ཐོབ་མཁན་1བཅས་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱི་འགྲན་བསྡུར་ཁྲོད་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་3དང་། བྱ་དགའ་རིམ་པ་གཉིས་པ་ཐོབ་མཁན་3 བྱ་དགའ་རིམ་པ་གསུམ་པ་ཐོབ་མཁན་4 ཕུལ་བྱུང་གི་བྱ་དགའ་ཐོབ་མཁན་5བཅས་བྱུང་ནས་སློབ་མའི་རིག་རྩལ་མངོན་པར་མ་ཟད། སློབ་གྲྭའི་རིག་གནས་ཀྱི་ཁྱད་ཆོས་ཀྱང་མངོན་ཡོད་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社