(པར་ངོས་དང་པོར་མཐུད)གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་ནས་ལྟ་སྐུལ་དོ་དམ་ལ་དམ་འཛིན། གནད་དོན་གྱི་ཁུངས་སྣེར་དམ་པོར་དམིགས་ནས་བཅོས་སྒྲིག་ལ་དམ་འཛིན་བཅས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་ལས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་བཅོས་སྒྲིག་ལས་འགན་ཁག་ནུས་པ་ཆེ་ཞིང་དེར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་རེད།
སྤྱི་པའི་གསང་སྤྱོད་ལ་བརྟེན་ནས་དམངས་འཚོར་ཕན་པ་ཐོབ་པ་དང་། སྤྱི་པའི་གསང་སྤྱོད་ནི་གྲོང་ཁྱེར་གྱི་རྣམ་པ་མཚོན་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་ལ་གྲོང་ཁྱེར་གྱི་ཤེས་དཔལ་ཚད་གཞི་མཚོན་པའི་མེ་ལོང་ཞིག་ཀྱང་རེད། གྲོང་མིར་སྔར་བས་སྟབས་བདེ་ཡོང་ཆེད། ད་ལོ་རང་གྲོང་གི་གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གིས་གྲོང་ཁུལ་གཙོ་བོའི་སྤྱི་པའི་གསང་སྤྱོད་གསར་སྐྲུན་རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཐེངས་འདིར་གསར་དུ་བསྐྲུན་པའི་སྤྱི་པའི་གསང་སྤྱོད་ཚང་མ་སྒྲིག་སྦྱོར་རྣམ་པའི་སྐྲུན་དངོས་ཡིན་ཞིང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད། གསར་འགོད་པས་གསར་དུ་བསྐྲུན་པའི་གཙང་འགྲམ་ལམ་གྱི་སྤྱི་པའི་གསང་སྤྱོད་ཤིག་ཏུ་རྒྱུན་གཏན་གྱི་རྐུབ་འཛུགས་ས་ཡོད་པའི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཡོད་པ་ཕུད། ད་དུང་སྔར་མེད་པའི་ཕྲུ་གུ་དམར་འབྱར་བདག་སྐྱོང་སྟེགས་བུ་དང་། ཕྲུ་གུ་དམར་འབྱར་གྱི་བདེ་འཇགས་རྐུབ་སྟེགས། བདེ་འཇགས་ལག་སྐྱོར། རིག་ནུས་ཆབ་གཞོང་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་དེ་དག་གི་ཐོག་ནས་བྱིས་པ་དང་། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ཀྱི་དགོས་མཁོར་བསམ་གཞིགས་གང་ལེགས་བྱས་ནས་གྲོང་མི་མང་ཚོགས་ཀྱིས་གཙང་ཞིང་བདེ་འཇགས་ལྡན་པའི་གསང་སྤྱོད་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་མཐོང་བྱུང་། དེ་ཙམ་མ་ཟད་ད་དུང་གསར་དུ་བསྐྲུན་པའི་སྤྱི་པའི་གསང་སྤྱོད་ལ་རྣམ་ཀུན་དང་མི་འདྲ་བའི་ཇུས་འགོད་ཀྱང་བྱས་ཡོད།
སྒྲིག་སྦྱོར་རྣམ་པའི་གསང་སྤྱོད་བཟོ་གྲྭའི་འཐུས་མི་ཁྲེན་ལེང་གིས་ད་ཐེངས་བཀོད་སྒྲིག་བྱས་པའི་གསང་སྤྱོད་ནང་སྐད་གཏོང་མ་ལག་ཅིག་ཀྱང་སྒྲིག་སྦྱོར་བྱས་ཡོད། གསང་སྤྱོད་བེད་སྤྱོད་གཏོང་བའི་སྐབས་སུ། གློ་བུར་དུ་གཟུགས་པོ་བདེ་པོ་མེད་ན་ཉེན་བརྡ་གཏོང་བའི་གཅུས་སྒོ་གནོན་ཆོག དོ་དམ་མི་སྣས་ཉེན་བརྡ་བཏང་བའི་སྒྲ་ཐོས་མ་ཐག་ལམ་སེང་དགོས་ངེས་ཀྱི་རོགས་རམ་བྱ་རྒྱུ་དང་། གཞན་ཡང་། གསར་དུ་བསྐྲུན་པའི་སྤྱི་པའི་གསང་སྤྱོད་ནང་རིག་ནུས་དྲོད་འཛིན་མ་ལག་སྒྲིག་སྦྱོར་བྱས་ཡོད་པས་དྲོད་ཚད་སྙོམས་སྒྲིག་ཐུབ་པ་དང་ཆུའི་མདོང་ལམ་ལ་འཁྱགས་པ་མི་ཐེབས་པ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། གསར་དུ་བསྐྲུན་པའི་སྤྱི་པའི་གསང་སྤྱོད་49ཡོད་པ་དེ་དག་ལྷ་ས་གྲོང་ཁྱེར་གྱི་གྲོང་ཤར་དང་། སློབ་གསོའི་གྲོང་། སྣེའུ་ཁུལ་གསར་བཅས་སུ་ཁྱབ་ཡོད་པ་རེད།
གསང་སྤྱོད་གསར་སྐྲུན་རྣམ་གྲངས་ཀྱི་འགན་འཁུར་བ་འབྲུག་ཚེ་ཡིས་ད་ཐེངས་གྲོང་ཁྱེར་ཡོངས་སུ་སྤྱི་པའི་གསང་སྤྱོད་49གསར་སྐྲུན་བྱ་རྒྱུའི་ནང་སྤྱི་པའི་གསང་སྤྱོད་38བསྐྲུན་ཟིན་པ་དང་། མིག་སྔར་ཆུ་དང་གློག་འཁྲིད་བཞིན་ཡོད། དེ་བྱིངས་ཀྱི་སྤྱི་པའི་གསང་སྤྱོད་11གི་གནས་ཡུལ་ལེགས་སུ་གཏོང་བའི་ལས་དོན་སྤེལ་བཞིན་ཡོད་ཅིང་། སྔོན་དཔག་བྱས་པ་ལྟར་ན། ཟླ་12པའི་ཟླ་དཀྱིལ་དུ་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་ཟིན་རྒྱུ་མ་ཟད། དུས་མཉམ་དུ་རྩིས་སྤྲོད་ཐུབ་ནས་བེད་སྤྱོད་ཐུབ་རྒྱུ་ཡིན་པ་རེད།
དམངས་ཀྱི་རེ་འབོད་ལ་ང་ཡིས་བརྡ་ལན་ཞུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་ལེན་བསྟར་བ་ནས་བཟུང་། རང་གྲོང་གི་གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གིས་ཐོག་མཐའ་བར་གསུམ་དུ་གྲོང་ཨུད་ཀྱིས་གྲོང་ཁྱེར་གྱི་སྒྲིག་བཀོད་ལེ་ལག་ཚང་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གྱི་སྒྲིག་བཀོད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་གྱི་རྣམ་པ་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་འཛུགས་སྐྲུན་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཁ་གསལ་བཏོན་པ་དེ་ལས་ཀའི་སྤྱིའི་དམིགས་ཚད་དང་སྤྱིའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། ཐོག་མཐའ་བར་གསུམ་དུ་རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ།རྣམ་གྲངས་འཛུགས་སྐྲུན་བྱེད་པར་བརྟེན་ནས་གྲོང་དོན་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུ་མཐའ་འཁྱོངས་བྱེད་དགོས།
གླིང་སྐོར་ནུབ་ལམ་གྱི་ཁྲོམ་གཞུང་རྒྱབ་ཀྱི་སྲང་ལམ་ཞིག་ཏུ་ཁྲོམ་གཞུང་གི་མཛེས་བཟོའི་ལས་གྲྭ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད། གསར་འགོད་པས་སྲང་ལམ་དུ་མིག་སྔར་བསྒར་བའི་ལམ་སྒྲོན་ནི་ཉི་ནུས་གློག་སྒྲོན་ཡིན་པ་དང་། དེ་བསྒར་ནས་ལོ་མང་སོང་བའི་དབང་གིས་ཉི་ནུས་གློག་རྫས་ཀྱི་གློག་གསོག་ནུས་པ་ཞན་དུ་ཕྱིན་ཡོད་པ་མཐོང་བྱུང་། གྲོང་མིས་ལམ་སྒྲོན་ལ་གློག་མ་འདང་བའི་དབང་གིས་གློག་མི་གསལ་བས་ཕྱིར་བསྐྱོད་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་འདུག་ཅེས་བཤད།
ད་ལོའི་ཟླ་11པའི་ཟླ་སྟོད་དུ། ཁྲོམ་གཞུང་དང་སྲང་ལམ་གྱི་གློག་སྒྲོན་ལས་གྲྭའི་རྣམ་གྲངས་དངོས་སུ་ཨར་ལས་བྱས་པ་དང་། གནམ་གཤིས་ཉིན་རེ་བཞིན་གྲང་དུ་ཕྱིན་པ་དང་བསྟུན་ནས་ལས་བཟོ་པ་ཚང་མས་དུས་ཚོད་དམ་འཛིན་བྱས་ནས་ལས་གྲྭའི་མྱུར་ཚད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་ཀྱི་ཡོད་པ་རེད།
ཁྲོམ་གཞུང་དང་སྲང་ལམ་གྱི་གློག་སྒྲོན་ལས་ཡུལ་གྱི་ཨར་ལས་འགན་འཁུར་བ་ཐན་ཧའོ་ཝུའེ་ཡིས་ཁྲོམ་གཞུང་དང་སྲང་ལམ་འདིར་ཁྱོན་ལམ་སྒྲོན་18བསྐྱར་དུ་སྒྲིག་སྦྱོར་བྱེད་དགོས་ཀྱི་ཡོད་པ་དང་། གློག་སྐུད་དང་ལྕགས་མདོང་ཧ་ལམ་སྨི་330འདིང་དགོས་ཀྱི་ཡོད། ད་རེས་ང་ཚོས་ཉི་ནུས་གློག་སྒྲོན་དེ་གློག་གཏོང་གློག་སྒྲོན་ལ་སྒྱུར་བཀོད་བྱ་རྒྱུ་ཡིན། གློག་སྒྲོན་དེའི་གློག་གི་འདང་ཡུན་རིང་པོ་ཡོད་ལ་རིག་ནུས་ཀྱི་བསད་སྤར་ནུས་པ་ལྡན་ཡོད་ཅེས་བཤད།
ཨར་སྐྲུན་གྱི་འཛེར་སྒྲ་ཐོན་ནས་གནས་སྐབས་མང་ཚོགས་འགྲོ་སྐྱོད་ལ་ཤུགས་རྐྱེན་བཟོ་ཡི་ཡོད། ཡིན་ནའང་། ཚང་མས་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། གསར་འགོད་པས་་གྲོང་མི་བཀྲ་ཤིས་ཀྱིས་ད་དུང་སྦྱག་མ་སོགས་ཡོ་བྱད་བཏོན་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་གསར་དུ་བཏིང་མ་ཐག་པའི་ཨར་འདམ་ཁོད་སྙོམས་པོ་བཟོ་བཞིན་ཡོད་པ་མཐོང་བྱུང་། ཁོང་གིས་ད་དུང་གློག་སྒྲོན་བཟོས་ནས་ཚང་མར་འོད་སྣང་སྦྱིན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
བཀྲ་ཤིས་ཀྱིས་སྲུབས་ཀ་ཡག་པོ་གསབ་པ་དང་ངོས་སྙོམས་པ་ནི་ལས་སླ་པོར་སྒྲུབ་ཐུབ་པའི་བྱ་བ་ཞིག་རེད། གློག་སྒྲོན་གསར་པ་སྒྲིག་སྦྱོར་བྱ་རྒྱུ་ནི་ང་ཚོ་ཕྱིར་སྐྱོད་དུས་སྟབས་བདེ་ཡོང་བའི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་།ཨར་ལས་ལས་བྱུང་བའི་འཛེར་སྒྲ་སོགས་ཀྱི་ཤུགས་རྐྱེན་ཚང་མ་ང་ཚོས་བསམ་ཤེས་ཐུབ་ཀྱི་འདུག་ཅེས་བཤད་པ་རེད།
ཁྲོམ་གཞུང་དང་སྲང་ལམ་དུ་དཀར་ཆ་དོད་པའི་ལས་གྲྭ་ཕུད། བཅིངས་འགྲོལ་ལམ་དང་། པེ་ཅིང་ལམ། ཅང་སུའུ་ལམ་སོགས་གྲོང་ཁྱེར་གྱི་ལྟེ་བའི་འགྲོ་ལམ་36ལའང་གློག་སྒྲོན་གསར་པ་བསྒར་བ་དང་གསར་བརྗེས་བྱེད་བཞིན་ཡོད་པ་རེད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་ཁྱེར་གྱི་གློག་སྒྲོན་མཛེས་བཟོའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.07བཏང་ནས་གཞི་གཅིག་ཅན་གྱི་རིག་ནུས་གློག་ཤིང་3591གསར་སྐྲུན་བྱས་པ་དང་། གློག་སྒྲོན་གྱི་གློག་སྐུད་སྨི་185171ཁྲིད་པ། གློག་སྒྱུར་སྒམ་183དང་ཚོད་འཛིན་སྒམ་89མང་དུ་བཏང་བ་བཅས་བྱས་ཡོད། མིག་སྔར། གློག་སྐུད་དང་ལྕགས་མདོང་ཁྱོན་སྨི་86979སྔོག་འདོན་བྱས་པ་དེས་ལམ་དུམ་ཧྲིལ་པོའི་བརྒྱ་ཆ་73བཟུང་བ་དང་། ལམ་སྒྲོན་གྱི་རྨང་གཞི་2340ལེགས་གྲུབ་ཟིན་པ་དེས་ལམ་དུམ་ཧྲིལ་པོའི་བརྒྱ་ཆའི་བསྡུར་ཚད་ཀྱི་བརྒྱ་ཆ་65ཟིན་པ། ལམ་སྒྲོན་1950ཐོན་སྐྱེད་བྱས་པ། མིག་སྔའི་བར། གློག་སྒྲོན་444སྒྲིག་སྦྱོར་བྱས་ཡོད་པ་རེད། དཀར་ཞིང་གཙང་བའི་མེ་ཏོག་པདྨའི་དབྱིབས་ཅན་གྱི་གློག་སྒྲོན་དེ་དག་གི་ཕྱི་དབྱིབས་མཛེས་ཤིང་ལྟ་ན་སྡུག་པ་མ་ཟད། གྲོང་ཁྱེར་གྱི་རྣམ་པ་དེ་བས་ལེགས་སུ་ཕྱིན་ཡོད། གློག་སྒྲོན་གྱིས་མཛེས་སྡུག་ལྡན་པའི་ལྷ་སའི་གནའ་ཉམས་དང་དྲི་མེད་དྭངས་གཙང་གི་གྲོང་ཁྱེར་འདིའི་རྣམ་པར་སྔར་བས་མཛེས་རྒྱན་སྤྲས་ཡོད།
གློག་སྐུད་ཟང་ཟིང་བཅོས་སྒྲིག་བྱེད་པའི་ལས་དོན་ནི་ཐོག་མཐའ་བར་གསུམ་དུ་རང་གྲོང་གི་གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ལས་དོན་གྱི་གཙོ་གནད་ལས་དོན་ཞིག་ཡིན་པ་དང་། ལོ་གཅིག་རིང་། ཆེད་དོན་ཚོགས་ཆུང་གིས་གློག་སྐུད་བཅོས་སྒྲིག་ལུགས་མཐུན་བྱས་ནས་སྔོན་སླ་རྗེས་དཀའ་དང་གཙོ་ཕལ་ལྟར་གོ་རིམ་ལྡན་པའི་ངང་ཁྲོམ་གཞུང་དང་སྲང་ལམ་སོགས་ཀྱི་གློག་སྐུད་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གློག་སྐུད་སྨི་ཁྲི་9.58ས་འོག་ཏུ་ཁྲིད་པ་དང་། གློག་སྐུད་སྨི་ཁྲི་161གཙང་སེལ་བྱས་པ། གློག་སྐུད་སྨི་ཁྲི་96.62ཚད་ལྡན་དུ་བཏང་བ་སོགས་ཀྱི་ལས་དོན་སྤེལ་ཡོད་པ་རེད། ནོར་སྟོད་དཀྱིལ་ལམ་དུ་གནས་པའི་དམངས་སྤྱོད་མཁའ་འགྲུལ་གྱི་རྒན་ཡོལ་ཞུས་པའི་རྟེན་གཞིའི་སྡོད་ཁུལ་ནི་ཁུལ་ཆུང་རྙིང་པ་ཡིན་པས་གློག་སྐུད་ཟང་ཟིང་གི་གནད་དོན་ཅུང་མངོན་གསལ་དོད་པོ་ཡོད་པ་རེད། བཅོས་སྒྲིག་བྱས་རྗེས་ཁུལ་ཆུང་ནང་གི་སྡོམ་ཐག་ལྟ་བུའི་ཟང་ཟིང་དུ་གྱུར་བའི་གློག་སྐུད་མཐོང་རྒྱུ་མེད་པར་གྱུར་པ་དང་། གློག་སྐུད་སྣ་ཚོགས་གྲལ་འགྲིག་ལ་གོ་རིམ་ལྡན་པའི་ངང་བསྡམས་པར་མ་ཟད། སྐུད་ཕྱིའི་ཕྱི་ལྤགས་ཀྱང་ཉི་སྲེག་ཆར་རྡུང་འགོག་ཐུབ་པ་དང་གློག་སྐུད་རྙིང་པར་འགྱུར་རྒྱུ་འགོར་རུ་གཏོང་ཐུབ་ཀྱི་ཡོད། གཞན་ཡང་། ཁུལ་ཆུང་ནང་གི་སྐྱོན་ཤོར་བའི་གློག་སྐུད་དང་གློག་སྒམ་ཡང་དུས་ཐོག་ཏུ་ཉམས་བཟོ་དང་གསར་བརྗེས་བྱས་ཡོད་པ་རེད།
ཀྲུང་གོ་སྒུལ་འཕྲིན་ལྷ་ས་ཡན་ལག་ཀུང་སིའི་གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གི་ཕྱིའི་ལས་རིགས་ཚོགས་ཆུང་གི་ལས་དོན་མི་སྣ་བྱམས་པས་ལོ་གཅིག་རིང་། ང་ཚོས་སྔོན་ལ་ལམ་གཙོ་བོ་དང་དེ་ནས་ལམ་ཕལ་བ། ཁྲོམ་གཞུང་དང་སྲང་ལམ་གཞིར་འཛིན་པའི་རྩ་དོན་ལྟར་རིམ་གྱིས་གློག་སྐུད་བཅོས་སྒྲིག་གི་ལས་དོན་སྤེལ་ཡོད། ང་ཚོའི་སྒུལ་འཕྲིན་གྱིས་འགན་འཁུར་བའི་ཡུག་ཁུལ་དུ་ཁྱོན་ཚོགས་ཆུང་32དང་མི་421དང་ནུབ་ཁུལ་གྱི་ཟང་ཟིང་དུ་གྱུར་བའི་གློག་སྐུད་བཅོས་སྒྲིག་ལས་དོན་ནང་ཞུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་1260.43བཏང་ཡོད་ཅེས་བཤད།
མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་དགོས་པ་དང་། གྲོང་ཁྱེར་ཡག་པོ་བསྐྲུན་རྒྱུ་དེ་མི་དམངས་ལ་རག་ལས་ཡོད། ལོ་གཅིག་རིང་། རང་གྲོང་གི་གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གིས་ཁོངས་མིའི་ཚན་པ་ཁག་དང་མཐུན་སྒྲིལ་དང་མཉམ་འབྲེལ་བྱས་ཏེ།ཕྱར་བ་གྲུ་འདེགས་དང་། བསམ་བློ་གཅིག་སྒྲིལ། ནུས་ཤུགས་གཅིག་སྒྲིལ། བཅོས་སྒྲིག་གི་ལས་འགན་ཁག་ནུས་པ་ཆེ་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་བཅས་བྱས་ཡོད། ཟང་ཟིང་དུ་གྱུར་བའི་གློག་སྐུད་བཅོས་སྐྱོང་བྱ་རྒྱུ་དེ་གོ་རིམ་ལྡན་པའི་ངང་བཅོས་སྒྲིག་བྱས་པ་དང་། མཉམ་སྤྱོད་གློག་འཁོར་ལ་དོ་དམ་ནན་པོ་བྱས་པ། མཚོན་རྟགས་དང་བྱང་བུ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། རིགས་ཁག་གི་སྒྲོམ་སྐྱོར་གོ་རིམ་ལྡན་པའི་ངང་བཤིག་པ་བཅས་བྱས་ཏེ།གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་དང་གྲོང་ཁྱེར་གྱི་འགྲོ་ལམ་ལ་ཆེད་དོན་སྒྱུར་བཀོད་བྱེད་རིང་དུས་ཚོད་དམ་འཛིན་གྱིས་གྲོང་ཁྱེར་གྱི་ནུས་པའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་གསར་བརྗེ་བྱེད་བཞིན་ཡོད་པ་རེད།
སླད་ཕྱིན་རང་གྲོང་གི་གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གིས་རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། རིགས་ཆེ་གྲས་10ཡི་རྣམ་གྲངས་36གི་བཅོས་སྒྲིག་ལས་འགན་དོན་འཁྱོལ་བྱ་རྒྱུར་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ།དཀའ་གནད་དང་འགག་གནད་ལས་ཧུར་ཐག་སྒྲོལ་བ་དང་། ནུས་ཤུགས་ཡོད་རྒུས་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་ནུས་པ་དང་སྤུས་ཚད་མཐོ་རུ་གཏོང་བ། དམངས་འཚོའི་བདེ་སྐྱིད་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱི་ནང་གཉིས་ཀའི་ཆ་ནས་གོང་མཐོར་གཏོང་རྒྱུ་ཡིན་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社