分享按钮

ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་མུ་མཐུད་ནས་ཞུགས་པ།

(པར་ངོས་དང་པོར་མཐུད)རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ།འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

དེ་ཡང་དང་པོ།གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་མཉམ་ལས་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས།དེ་ཡང་གོ་ལ་ཧྲིལ་པོའི་དཔལ་འབྱོར་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལ་ཤུཊ་སྣོན་རྒྱག་པ། ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་བྱེད་པ། སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་གྱི“བརྟན་ཆས”གཏོད་པ།སྒོ་དབྱེ་དང་།ཁོངས་ཡངས། མཐོང་ཆུང་མེད་པ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁོར་ཡུག་གཏོད་པ་བཅས་བྱེད་དགོས་པར་མ་ཟད།སྤྱོད་བཟང་གཞུང་དྲང་གི་ཚོང་གཉེར་ཁོར་ཡུག་བཏོད་དེ་རུལ་སུངས་རྒྱ་ཡན་དུ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རྒྱུ་གཉིས་འདེད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།

གཉིས་པ།གོ་ལ་ཧྲིལ་པོའི་དངུལ་རྩའི་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་བརྟན་ལྷིང་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས།དེ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་འཐུས་ཚབ་རང་བཞིན་ཇེ་ཆེར་གཏོང་དགོས་པ་དང་།ཐུན་མོང་ཐོག་རྒྱལ་སྤྱིའི་དངུལ་རྩའི་ཚོང་རའི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ལ་རྒྱལ་ཁབ་རང་གི་དངུལ་ལོར་སྲིད་ཇུས་ལེཊ་སྒྲིག་བྱེད་སྐབས་ཐོན་པའི་ལྡོག་ཕྱོཊ་ཀྱི་ཕན་འབྲས་འབྱུང་རྒྱུར་ཡང་སྔོན་འགོག་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འདིའི་ཕྱོགས་ལ་འགན་འཁྲི་འཁུར་དགོས་ཤིང་། དངུལ་རྩའི་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ།ཐག་གཅོད་བཅས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས་གོ་ལ་ཧྲིལ་པོའི་དངུལ་རྩའི་བདེ་འཇགས་དྲ་བ་བརྟན་པོར་འཛུགས་དགོས།འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལྗང་མདོག་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས།

གསུམ་པ།གོ་ལ་ཧྲིལ་པོའི་ཉོ་ཚོང་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། དེ་ཡང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་།སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ།དཔལ་འབྱོར་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བ་དང་མིས་རྐྱེན་པས་གོ་ལ་ཧྲིལ་པོའི་ཁྲོམ་ར་ཁ་ཐོར་དུ་མི་འགྲོ་བར་བྱེད་པ།ལྗང་མདོག་ཐཱན་ཉུང་གི་མིང་ཐོག་ནས་སྲུང་སྐྱོང་རིང་ལུགས་ཀྱི་དོན་དངོས་ལག་བསྟར་རིགས་མི་ཐོན་པ་བྱེད་པ་བཅས་བྱས་ཏེ་དེ་བས་འདྲ་མཉམ་རང་བཞིན་དང་ཁོངས་ཡངས་རང་བཞིན།དགེ་མཚན་ལྡན་པ་བཅས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་རོགས་ཟླའི་འབྲེལ་བ་མཉམ་ལས་ཐོག་འཛུགས་དགོས།

བཞི་པ།གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་གསར་གཏོད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། དེ་ཡང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་།གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ། གསར་དར་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་བཟོ་རྒྱུར་སྣེ་ཁྲིད་དེ་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་བཅོས་སྐྱོང་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་ལེགས་པའི་ཕྱོགས་སུ་འཕེལ་བ་དང་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་འགན་ལེན་བྱེད་དགོས།ཀྲུང་གོ་ཕྱོགས་ཀྱིས་2025ལོར་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་མུ་མཐུད་འཚོགས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

ལྔ་པ།གོ་ལ་ཧྲིལ་པོའི་འབྱུང་ཁམས་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་འབྱུང་ཁམས་མཛའ་མཐུན་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས།དེ་ཡང་ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་ལ་བརྩི་སྲུང་ཞུས་ནས《ཕ་རི་སིའི་གྲོས་ཆོད》དང《ཁུན་མིང་དང་མོང་ཐེ་ལིར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི》ཁྱོན་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་བྱེད་དགོས།དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དགོས་ངེས་ཀྱི་མ་དངུལ་དང་།ལག་རྩལ། ནུས་པ་བཅས་འཛུགས་སྐྱོང་གི་རྒྱབ་སྐྱོར་བྱེད་དགོས་པ་དང་།ད་ལོར་འཚོག་རྒྱུའི་གནམ་གཤིས་ཀྱི་འགྱུར་ལྡོག་གི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་རྒྱབ་སྐྱོར་བྱེད་དགོས། སྔོན་འཛུགས་རྗེས་གཏོར་རྒྱུན་འཁྱོངས་བྱས་ཏེ།ནུས་ཁུངས་གཙང་མ་དེ་བརྟན་ལྷིང་དང་གོ་རིམ་ལྡན་པའི་སྒོ་ནས་སྲོལ་རྒྱུན་ནུས་ཁུངས་ཀྱི་ཚབ་ཏུ་བྱེད་པ་དང་། འཛམ་གླིང་གི་དཔལ་འབྱོར་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་མགྱོགས་སུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ལྗང་མདོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དྭངས་གཙང་ནུས་རྒྱུ། ལྗང་མདོག་གཏེར་ཐོན།ལྗང་མདོག་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ནུས་པས་གང་ལྕོགས་ཀྱིས་ཁྱབ་ཁོངས་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བཅས་བྱེད་འདོད་ཡོད་ཅེས་མཛུབ་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་བྱ་རྒྱུ་དེའང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཉི་ཤུ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་།ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པར་ཕན་པའི་འབད་བརྩོན་བྱེད་རིགས་ཐམས་ཅད་ལ་རྒྱབ་སྐྱོར་བྱས་ཏེ།ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་བ་དང་ཅ་ཧྲར་གང་མགྱོགས་དམག་མཚམས་འཇོག་རྒྱུར་སྐུལ་མ་བཏང་ནས་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུ་དང་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་བྱ་ཆེད་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད།རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དོན་འཁྱོལ་བྱས་ཐོག་ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།

མཇུག་ཏུ་ཞི་ཅིན་ཕིང་གིས་ང་ཚོས་རྒྱལ་ཁབ་ཉི་ཤུ་ཚོགས་པ་བཙུགས་པའི་ཐོག་མའི་བསམ་འདུན་བསྐྱར་དྲན་བྱས་ཏེ་ལི་གཡོད་རེ་ནེ་ལུའུ་ནས་འགོ་བཙུགས་ཏེ་རོགས་ཟླའི་འབྲེལ་བ་དར་སྤེལ་གཏོང་བ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

པར་ཙིར་གྱི་སྲིད་འཛིན་ལུའུ་ལ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

དབུ་ཚོགས་ཐོག《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པ་ལི་གཡོད་རེ་ནེ་ལུའུ་དབུ་ཚོགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་དབུ་ཚོགས་ལ་ཞུགས་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-21 6 6 拉萨日报藏文 c191433.html 1 ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་མུ་མཐུད་ནས་ཞུགས་པ། /enpproperty-->