分享按钮

ལྷ་ས་གྲོང་ཁྱེར་འཁྱམ་ཁྱི་གསོ་ཉར་ལྟེ་གནས་ཀྱིས་གཅེས་སེམས་ལ་བརྟེན་ནས་དྲོ་སྐྱིད་ལྡན་པའི་ཁོར་ཡུག་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དགུན་དུས་ཀྱི་དྲོ་འཇམ་ཉི་འོད་འོག་སྒོ་རའི་ནང་འཁྱམ་ཁྱི་སྟོང་ཕྲག་མང་པོ་རྩེད་འཇོར་རོལ་བཞིན་སྤྲོ་སྣང་ལྡན་པའི་རྣམ་པ་ཞིག་མཆིས། ལྷ་ས་གྲོང་ཁྱེར་འཁྱམ་ཁྱི་གསོ་ཉར་ལྟེ་གནས་སུ་ལས་དོན་པས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་འཁྱམ་ཁྱི་གསོ་ཉར་ལྟེ་གནས་སུ་དྲོ་སྐྱིད་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཡོད། ཉེ་ཆར་གསར་འགོད་པས་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་ཡབ་མདའ་སྡེ་ཁུལ་གྱི་ལྷ་ས་གྲོང་ཁྱེར་འཁྱམ་ཁྱི་གསོ་ཉར་ལྟེ་གནས་སུ་བཅར་འདྲི་བྱེད་པར་བསྐྱོད་ཡོད།

ལྷ་ས་གྲོང་ཁྱེར་འཁྱམ་ཁྱི་གསོ་ཉར་ལྟེ་གནས་དེ་2013ལོའི་ཟླ་12ཚེས་30ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་དང་མིག་སྔར་དུས་ཐེངས་དང་པོའི་ཁྱི་ཚང་ཁུལ་དང་། དུས་ཐེངས་གཉིས་པའི་ཁྱི་ཚང་ཁུལ། གསོ་བཅོལ་ཁུལ། དུས་ཐེངས་གསུམ་པའི་ཁྱི་ཚང་ཁུལ་བཅས་སུ་ཁྱོན་ཁྱི་ཚང་507བསྐྲུན་ཡོད་པ་རེད། 2018ལོའི་ཟླ་5ཚེས་11ཉིན།གསོ་ཉར་ལྟེ་གནས་དེ་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཁོངས་གཏོགས་ཀྱི་བྱ་གཞག་ཚན་པར་གཏན་འཁེལ་བྱས་པ་དང་ད་ཆ་ལས་དོན་པ་39ཡིས་གསོ་ཉར་ལྟེ་གནས་ཀྱི་རྒྱུན་གཏན་གྱི་འཁོར་རྒྱུག་ལས་དོན་གྱི་འགན་འཁུར་བཞིན་ཡོད། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའི་ལི་ལིས་གསོ་ཉར་ལྟེ་གནས་སུ་གཙོ་བོ་ལྷ་ས་གྲོང་ཁྱེར་གྱི་འཁྱམ་ཁྱི་དང་གྲོང་མིས་བཅོལ་བའི་ཁྱི་གཅིག་སྡུད་བྱས་ཡོད། མིག་སྔར་གསོ་ཉར་ལྟེ་གནས་ཀྱིས་གསོ་ཉར་དང་མངཊ་བཅོལ་བྱས་པའི་ཁྱི་གྲངས་འབོར་8000ནས་10000བར་ཟིན་གྱི་ཡོད་ཅེས་བཤད།

གསོ་ཉར་ལྟེ་གནས་སུ་གསར་འགོད་པས་འཁྱམ་ཁྱིའི་གཟུགས་དབྱིབས་དང་། རིགས། གསོ་ཉར་དུས་ཚོད་བཅས་ལ་གཞིགས་ཏེ་ཁྱི་ཚང་མི་འདྲ་བར་བཀོད་སྒྲིག་བྱས་པ་མཐོང་བྱུང་། ཆེད་བསྐོས་ལས་དོན་པ་བཀོད་སྒྲིག་བྱས་ནས་ཁྱི་ཚང་ལ་གད་ཕྱིས་དང་། ཁྱི་ལ་ལྟོ་སྟེར་བ། དུག་སེལ་བཅས་བྱེད་པ་མ་ཟད། དུས་བཀག་ལྟར་ཁྱི་ལ་རིམས་འགོག་སྨན་ཁབ་རྒྱག་གི་ཡོད་པ་རེད། གསོ་ཚགས་པ་སྐལ་བཟང་ཚེ་རིང་གིས་གསར་འགོད་པར་ཁོང་ཚོའི་ཉིན་རེའི་ལས་ཀ་ནི་ཁྱི་ཚང་གཙང་མ་བཟོ་བ་ནས་འགོ་འཛུགས་དགོས་ཀྱི་ཡོད། ལྟོ་སྟེར་བ་ཕུད་ད་དུང་དུག་སེལ་བྱས་ནས་ཁོར་ཡུག་གཙང་མ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།

གསོ་ཉར་ལྟེ་གནས་ཀྱི་ཁྱིའི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱ་ཆེད། གསོ་ཉར་ལྟེ་གནས་སུ་ཆེད་མངགས་ཀྱི་ནད་ཡམས་བརྟག་ཞིབ་སྨན་བཅོས་ཁང་བཙུགས་ཡོད་པ་རེད། གཞན་ཡང་བཙོག་ཆུ་གཙང་སེལ་ལས་དོན་ཡག་པོ་བསྒྲུབ་ཆེད། གསོ་ཉར་ལྟེ་གནས་ཀྱིས་ད་དུང་ཆེད་མི་བཀོད་སྒྲིག་བྱས་ནས་ཉིན་ལྟར་ཐོན་པའི་བཙོག་ཆུ་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་པི་ཀུའེ་ཡོན་བཙོག་ཆུ་གཙང་སེལ་བཟོ་གྲྭར་དབོར་གྱི་ཡོད།

ལིའི་ལི་ལིས་ང་ཚོས་ཁྱི་གསོ་ཉར་དང་མངགས་བཅོལ་གྱི་དོ་དམ་ལས་དོན་མུ་མཐུད་ལག་བསྟར་ནན་པོ་བྱས་ནས་ཆེད་ལས་མི་སྣ་དང་རླངས་འཁོར་བཀོད་སྒྲིག་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་།རྒྱུན་གཏན་གྱི་མེ་ཟོན་དང་རིམས་འགོག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གསོ་ཉར་ལྟེ་གནས་སྐྱོན་བྲལ་ངང་འཁོར་རྒྱུག་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 6 6 拉萨日报藏文 c191378.html 1 ལྷ་ས་གྲོང་ཁྱེར་འཁྱམ་ཁྱི་གསོ་ཉར་ལྟེ་གནས་ཀྱིས་གཅེས་སེམས་ལ་བརྟེན་ནས་དྲོ་སྐྱིད་ལྡན་པའི་ཁོར་ཡུག་བཏོད་པ། /enpproperty-->