分享按钮

(པར་ངོས་དང་པོར་མཐུད)རྒྱལ་སྤྱིའི་ཐོག་མཉམ་དུ་གོ་ལ་ཧྲིལ་པོའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དྲང་བདེན་རེ་འབོད་བྱས་པ་བཅས་ཀྱི་ཐོག་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། འཛིན་སྐྱོང་སྤེལ་གསུམ་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་སྦྲེལ་ཚིགས་གལ་ཆེན་ཐོག ང་རང་ནས་སྲིད་འཛིན་ལུའུ་ལ་དང་ལྷན་དུ་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུ་དང་རྒྱལ་ཁབ་གཉིས་པོའི་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཐེངས་འདིའི་འཚམས་འདྲིས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་ཆེ་རུ་འགྲོ་བ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་འགྲོ་བ། ཀྲུང་གོ་དང་པར་ཙིར་གྱི་སླད་ཕྱིན་གྱི་འབྲེལ་བའི་རྫོགས་ལྡན་ལོ་ངོ་50འགོ་འཛུགས་རྒྱུར་སྣེ་ཁྲིད་ཐུབ་པ་བཅས་ཀྱི་ཡིད་ཆེས་ཡོད། ང་རང་ནས་ད་དུང་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་ནས་ཕྱོགས་ཁག་དང་ལྷན་དུ་ཇུས་ཆེན་མཉམ་གྲོས་དང་གོང་འཕེལ་གྱི་ཇུས་གཞི་མཉམ་འགོད་བྱས་ཐོག འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་བཏང་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པ་དེ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ནུས་པ་དེ་བས་ཆེ་བ་མུ་མཐུད་འདོན་སྤེལ་ཐུབ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ལ་བཞུགས་ནས་ཕེབས་འབྱོར་ཟིན་ཡོད།

པར་ཙིར་དུ་བཅར་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲུའུ་ཆིང་ཆའོ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།

ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་ཚར་བ་དང་འབྲེལ་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་ལི་མ་ནས་ཞལ་གྱེས་སྐབས། ཕེ་རུའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་ཏེ་ལི་ཨན་སེན་དང་རྒྱལ་སྲུང་པུའུ་ཀྲང་ཨ་སི་ཐུའུ་ཏི་ལུའེ་སོགས་ཀྱིས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་ཡོད།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཁོང་བཞུགས་སའི་གསོལ་མགྲོན་ཁང་ནས་ཞལ་གྱེས་ཏེ་གནམ་ཐང་དུ་ཕེབས་པའི་ལམ་བར་དུ། ས་གནས་དེ་གའི་མང་ཚོགས་མང་པོ་ཞིག་རང་འགུལ་ངང་འགྲོ་ལམ་གཡས་གཡོན་དུ་འཛོམས་ནས་རླངས་འཁོར་རུ་ཁག་ལ་ལག་པ་གཡུག་གཡུག་གིས་གུས་ལུགས་མཚོན་པར་བྱས་ཡོད་པ་དང་། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་ལས་ཁུངས། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བཅས་ཀྱི་འཐུས་མིས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་ཡོད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 6 6 拉萨日报藏文 c191377.html 1 /enpproperty-->