ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་15ཉིན། ལྷ་སར་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་ཤར་ཞིང་། གསར་འགོད་པར་ཁུ་ནུ་ནུས་རྒྱུ་བོད་ལྗོངས་ཚད་ཡོད་ཀུང་སི་ལྷ་ས་རང་བྱུང་སོལ་རླངས་ས་ཚིགས(གཤམ་དུ་ལྷ་སའི་རང་བྱུང་སོལ་རླངས་ས་ཚིགས་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་དོན། མིག་སྔར་ཀུང་སི་དེའི་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་166མཛོད་ཉར་བྱས་པ་དང་ཆབས་ཅིག་རང་བྱུང་སོལ་རླངས་འགན་ལེན་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་6200ལྷག་ཙམ་མཐུན་སྦྱོར་ཧུར་ཐག་བྱས་ནས་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་རིང་གི་རང་བྱུང་སོལ་རླངས་མཁོ་འདོན་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས་གྲོང་མི་ཚོར་རྒྱུན་མི་ཆད་པར་དྲོད་མཁོ་འདོན་བྱེད་ཀྱི་ཡོད།
འདི་ལོ་ལྷ་སའི་རང་བྱུང་སོལ་རླངས་ས་ཚིགས་ཀྱིས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོའི་རྡོ་སྣུམ་དང་ས་ཁོངས་ནང་གི་ཕུལ་བྱུང་གི་ས་མཐོའི་དཔེ་སྟོན་ས་ཚིགས་གཏོད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། གསར་འགོད་པས་ས་ཚིགས་དེ་ནས་ད་ཐེངས་ཀྱི་འཛུགས་སྐྲུན་སྤྱིར་ན་ལེགས་གྲུབ་ཟིན་ནས་ལས་མཇུག་བསྡུ་བའི་ལས་དོན་སྒྲུབ་བཞིན་ཡོད་པ་མཐོང་བྱུང་། སྒྱུར་བཀོད་རིམ་སྤོར་རབ་དང་རིམ་པ་བྱས་པ་བརྒྱུད་ལྷ་སའི་རང་བྱུང་སོལ་རླངས་ས་ཚིགས་གསར་རྐྱང་དུ་གྱུར་པ་སྟེ། ས་ཚིགས་ཀྱི་བཀོད་པ་སྔར་བས་ཚད་ལྡན་དུ་གྱུར་པ་དང་། འགྲོ་ལམ་ཁོད་སྙོམས་ལ་རྒྱ་ཆེ་བ། ཕྱིའི་གྱང་གཙང་ལ་མཛེས་པ། མདོང་ལམ་ཚད་ལྡན་དུ་གྱུར་པའི་ཁར་མངོན་གསལ་དོད་པ་བཅས་ཡོད་པས། ལས་ཕྱོད་ཆེ་རུ་ཕྱིན་པར་མ་ཟད། རང་བྱུང་སོལ་རླངས་མཁོ་འདོན་ཞབས་ཞུའང་སྔར་བས་བདེ་འཇགས་དང་བློས་འགེལ་ཆོག་པ་ཞིག་ཏུ་གྱུར་ཡོད།
བདེ་འཇགས་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱ་ཆེད། མིག་སྔར་ས་ཚིགས་དེའི་ནང་ལྟ་སྐུལ་ཚོད་འཛིན་ཁང་དུ་ལྟ་སྐུལ་ཚོད་འཛིན་མ་ལག་དང་།རྒྱུད་འབྲེལ་མ་ལག ཉེན་བརྡའི་མ་ལག་བཅས་ཡོད་པར་མ་ཟད། སྒྲིག་ཆས་དང་སྒྲིག་བཀོད་དང་དེ་བཞིན་བཟོ་རྩལ་དཔྱད་གྲངས་འཁོར་སྐྱོད་གནས་ཚུལ་བཅས་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། གཞན་ཡང་ཉིན་ལྟར་འཁོར་སྐྱོད་ཚོགས་ཆུང་4ཡི་མི་16བཀོད་སྒྲིག་བྱས་ནས་ཆུ་ཚོད་24ཡི་རིང་ལས་རེས་བྱས་ཏེ་སྒྲིག་ཆས་ཚང་མའི་གནོན་ཤུགས་དང་། དྲོད་ཚད། གཤེར་གནས་སོགས་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཀྱི་ཡོད། ལྷ་སའི་རང་བྱུང་སོལ་རླངས་ས་ཚིགས་ཀྱི་སྐོར་ཞིབ་པ་བསོད་ནམས་འཇིགས་མེད་ཀྱིས།ངས་ལས་གནས་བཀོལ་སྤྱོད་བྱེད་སྲོལ་དང་བདེ་འཇགས་ལམ་ལུགས་ཁག་ལ་བརྩི་སྲུང་ནན་པོ་ཞུས་ནས་སྐོར་སྐྱོད་ཞིབ་བཤེར་ཚང་མ་ནན་ཏན་ངང་བྱས་ཏེ་ཡུལ་དངོས་སུ་གཞི་གྲངས་ཐོ་འགོད་དང་གོང་ཞུ་དུས་ཐོག་ཏུ་འཕྱུགས་མེད་བྱས་ནས་ཐོན་སྐྱེད་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
མིག་སྔར་ཕྱིར་ཚོང་བྱེད་ཚད་མང་དུ་ཕྱིན་པ་དང་ཆབས་ཅིག་ལྷ་སའི་རང་བྱུང་སོལ་རླངས་ས་ཚིགས་ཀྱི་མཛོད་ཉར་ཡང་རིམ་བཞིན་མང་དུ་ཕྱིན་ནས་ཉིན་རེར་LNGཡི་གཞོང་འཁོར་10ལྷ་སར་འབྱོར་གྱི་ཡོད་པ་དང་ས་ཚིགས་དེས་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་166གྲབས་གསོག་བྱས་ཏེ་གྲོང་ཁྱེར་དེའི་རང་བྱུང་སོལ་རླངས་བདེ་འཇགས་དང་བརྟན་པོའི་ངང་མཁོ་སྤྲོད་ཐུབ་རྒྱུ་འགན་ལེན་བྱས་ཡོད། དགུན་དུས་མཁོ་སྤྲོད་འགན་ལེན་བྱེད་མང་བའི་དུས་ཀྱི་སྤྱོད་ཚད་ལ་གཞིགས་ན། མིག་སྔར་རང་བྱུང་སོལ་རླངས་གསོག་འཇོག་བྱེད་ཚད་ཀྱིས་སྔོན་དཔག་བྱས་ན་རང་གྲོང་གི་གྲོང་མིའི་ཉིན་6ནས་7བར་གྱི་རང་བྱུང་སོལ་རླངས་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག་ཁུ་ནུ་ནུས་རྒྱུ་བོད་ལྗོངས་ཚད་ཡོད་ཀུང་སིས་སྔ་སྣུར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་སྒུལ་ལམ་སྲོལ་བཙུགས་པ་དང་ཐོགས་མེད་བགྲོད་ལམ་བཏོད་དེ་ནུས་ཤུགས་ཡོད་རྒུས་རང་བྱུང་སོལ་རླངས་སྐྱེལ་འདྲེན་དང་སྡེབ་སྐྱེལ་གྱི་བདེ་འཇགས་འགན་ལ་ལེན་བྱས་ཡོད། ལྷ་ས་རང་བྱུང་སོལ་རླངས་ས་ཚིགས་ཀྱི་ཀྲན་ཀྲང་ལིའུ་ཡུང་ཧྲོའུ་ཡིས།ང་ཚོས་སྔོན་དཔག་བྱས་ན་འདི་ལོ་རང་བྱུང་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་7300ལས་བརྒལ་རྒྱུ་རེད། སྨི་རྒྱ་དཔངས་གྲུ་བཞི་ཁྲི་6200ལྷག་ཙམ་གྱི་རང་བྱུང་སོལ་རླངས་འགན་ལེན་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་བྱས་པ་ཕུད། ད་དུང་སྐྱེལ་འདྲེན་ཀུང་སིས་སྐྱེལ་འདྲེན་ལ་རླངས་འཁོར་82སྒྲིག་འཛུགས་བྱ་རྒྱུར་མཐུན་སྦྱོར་བྱས་ནས་གཞུང་ལམ་སྐྱེལ་འདྲེན་ལ་འགན་ལེན་བྱས་ཏེ།ལྷ་སའི་གྲོང་མིས་འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀར་བདེ་འཇགས་ལྡན་པའི་ངང་རང་བྱུང་སོལ་རླངས་སྤྱོད་ཐུབ་པའི་འགན་ལེན་ཧུར་ཐག་བྱས་ཡོད་ཅེས་བཤད།
ཤེས་རྟོཊ་བྱུང་བར་གཞིགས་ན། ལྷ་སའི་རང་བྱུང་སོལ་རླངས་ས་ཚིགས་ཀྱི་ཉིན་རེར་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་35མཁོ་འདོན་བྱེད་ཀྱི་ཡོད་པ་དང་། ཉིན་རེ་བཞིན་འཕར་བའི་རང་བྱུང་སོལ་རླངས་ཀྱི་དགོས་མཁོར་དམིགས་ཏེ་ས་ཚིགས་དེས་ཕྱི་ལོ་ནུས་སྐྱེད་སྒྱུར་བཀོད་བྱས་ནས་ཉིན་རེར་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་50མཁོ་འདོན་བྱས་ཏེ་ལྷ་སའི་གྲོང་མིས་དེ་བས་བརྟན་ལ་བདེ་འཇགས་ངང་རང་བྱུང་སོལ་རླངས་སྤྱོད་ཐུབ་རྒྱུར་འགན་ལེན་བྱ་རྒྱུ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社