分享按钮

(པར་ངོས་དང་པོར་མཐུད)གནམ་གཤིས་འགྱུར་ལྡོག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ནང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།

འདས་ཟིན་པའི་ལོ་4ཡི་ཉམས་མྱོང་ནི་ཕྱོགས་བསྡོམས་བྱེད་རིན་ཡོད་པ་དང་བློ་སྒོ་འབྱེད་རིན་ཡོད་པས་ངས་བལྟས་ན་ཉུང་མཐར་ཡང་གཤམ་གསལ་གྱི་དོན་ཚན་འགའ་ཡོད་པ་སྟེ།

གཅིག་ནས་འཐབ་ཇུས་ཀྱི་ངོས་འཛིན་ཡང་དག་ཡོད་དགོས།“ཞིའུ་ཞི་ཏི་ཏེའི་རྒྱ་རྙི”ནི་ལོ་རྒྱུས་ཀྱི་ལས་སྐལ་ཞིག་མིན་པ་དང་།“འཇམ་འཐབ་གསར་པ”རྒྱག་མི་རུང་ལ་རྒྱལ་ཡང་མི་ཐུབ་པ་དང་།ཀྲུང་གོར་བཀག་འགོག་བྱེད་པ་ནི་བླུན་རྨོང་གི་བྱེད་སྟངས་ཤིག་ཡིན་པས་དང་ལེན་བྱེད་མི་འོས་པ་ཞིག་ཡིན་ལ།དེ་བས་ཀྱང་ལེགས་འགྲུབ་འབྱུང་མི་སྲིད།

གཉིས་ནས་ཁ་བཤད་ཚིག་ལ་གནས་པ་དང་གང་བྱས་མཐའ་འཁྱོལ་བྱེད་དགོས། མི་ལ་ཡིད་རྟོན་མེད་ན་རང་ཚུགས་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཁ་བཤད་ལག་བསྟར་བྱེད་ཀྱི་ཡོད་མོད། འོན་ཀྱང་གལ་ཏེ་ཨ་རི་ཕྱོགས་ཀྱིས་རྟག་ཏུ་ཁ་བཤད་ལག་བསྟར་མ་བྱས་ཚེ་ཨ་རིའི་གཟུགས་བརྙན་ལ་ཕན་པ་མེད་ལ་ཕྱོགས་གཉིས་པོའི་ཕན་ཚུན་ཡིད་ཆེས་ལའང་གནོད་ཀྱི་ཡོད།

གསུམ་ནས་ཕན་ཚུན་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་དགོས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་དབར་འགྲོ་འོང་བྱེད་སྐབས། ཕྱོགས་གང་ཞིག་གིས་ཀྱང་རང་ཉིད་ཀྱི་འདོད་མོས་ལྟར་ཕར་ཕྱོགས་ལ་བསྒྱུར་བཀོད་བྱེད་མི་རུང་བ་དང་། སྟོབས་ཤུགས་ངོམས་ནས་ཕར་ཕྱོགས་ལ་མགོ་གནོན་ཡང་བྱེད་མི་རུང་ལ། རང་རྒྱལ་ཁབ་ཀྱི་སྔོན་ཐོན་གོ་གནས་སྲུང་འཛིན་བྱ་ཆེད་ཕར་ཕྱོགས་ཀྱི་ལུགས་མཐུན་གྱི་འཕེལ་རྒྱས་དབང་ཆ་བཙན་འཕྲོག་དེ་བས་ཀྱང་བྱེད་མི་རུང་།

བཞི་ནས་དམར་ཐིག་དང་མཚམས་ཐིག་ལ་འགྲན་སློང་བྱེད་མི་རུང་། ཀྲུང་གོ་དང་ཨ་རི་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས་འགལ་བ་ཁ་ཤས་དང་མི་མཐུན་པ་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་མོད།འོན་ཀྱང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་གནོད་མི་རུང་ལ། གདོང་གཏུག་དང་ཁ་གཏད་ནི་དེ་བས་ཀྱང་བྱེད་མི་རུང་། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་པས་ངེས་པར་དུ་བརྩི་སྲུང་ནན་པོ་བྱེད་དགོས།ཐའེ་ཝན་གྱི་གནད་དོན་དང་།དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། བགྲོད་ལམ་ལམ་ལུགས། འཕེལ་རྒྱས་དབང་ཆ་བཅས་ནི་ཀྲུང་གོ་ཕྱོཊ་ཀྱི་དམར་ཐིག་བཞི་ཡིན་པས་འགྲན་སློང་བྱེད་མི་རུང་། འདི་དག་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཆེས་གལ་ཆེ་བའི་འགོག་སྲུང་ར་བ་དང་བདེ་འཇཊ་དྲ་བ་ཡིན།

ལྔ་ནས་གླེང་མོལ་དང་མཉམ་ལས་མང་ཙམ་བྱེད་དགོས། མིག་སྔའི་དུས་བབ་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ཉུང་དུ་ཕྱིན་མེད་པར་དེ་བས་མང་དུ་ཕྱིན་ཡོད།དཔལ་འབྱོར་ཚོང་དོན་དང་།ཞིང་ལས།དུག་འགོག ཁྲིམས་འཛིན། སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཡིན་ནའང་འདྲ།ཡང་ན་གནམ་གཤིས་འགྱུར་ལྡོག་དང་མི་ཐབས་རིག་ནུས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཡིན་ནའང་འདྲ།དེ་བཞིན་རྒྱལ་སྤྱིའི་ཐོག་གླེང་མང་བའི་གནད་དོན་ཐད་ཀྲུང་གོ་དང་ཨ་རིས་མཉམ་ལས་བྱེད་དགོས་ཀྱི་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་མཉམ་ལས་ཀྱི་གསལ་ཐོ་བཟོ་བ་དང་མཉམ་ལས་ཀྱི་དོན་ནང་དེ་བས་མང་དུ་བཏང་སྟེ་མཉམ་ལས་གཉིས་ཁེ་ཡོང་བར་བྱེད་དགོས།

དྲུག་ནས་མི་དམངས་ཀྱི་རེ་སྒུག་ལ་ལན་འདེབས་དགོས།ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩར་དམིགས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་མཐུན་རྐྱེན་བསྐྲུན་པ་ལས། འགོག་རྐྱེན་དང་འགལ་རྐྱེན་བཟོ་མི་རུང་།

བདུན་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་པར་བྱེད་དགོས།ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་བསམ་གཞིགས་བྱས་ནས་འཛམ་གླིང་ཞི་བདེའི་ཆེད་འགན་ཁུར་བ་དང་།གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་པ།འཛམ་གླིང་མཐུན་སྒྲིལ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་དགེ་མཚན་ལྡན་པའི་མཉམ་འགུལ་བྱེད་པ་དང་། ཕན་ཚུན་དགྲར་མི་འཛིན་པ། རྒྱལ་ཁབ་གཞན་ལ་རང་ཕྱོགས་སུ་ལངས་རྒྱུར་བཙན་ཤེད་བྱེད་མི་རུང་བ་བཅས་ཚུད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལས་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་45སོང་རིང་གི་ཉམས་མྱོང་དང་བློ་སྒོ་ཕྱེ་བ་ར་སྤྲོད་ཐུབ་ཡོད། གལ་ཏེ་རྒྱལ་ཁབ་གཉིས་པོས་རོགས་ཟླ་བྱེད་པ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཚེ་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཡོང་ཐུབ།གལ་ཏེ་ཕར་ཕྱོགས་ཁ་གཏད་དུ་བརྩིས་ནས་འགྲན་རྩོད་ངན་པ་བྱས་ཚེ་ཀྲུང་གོ་དང་ཨ་རིའི་འབྲེལ་བར་འགལ་རྐྱེན་འཕྲད་སྲིད་པ་དང་ཐ་ན་ཕྱིར་བཤོལ་ཐེབས་སྲིད། དེང་གི་འཛམ་གླིང་ལ་ལྷིང་འཇགས་མེད་ཅིང་འཁྲུག་རྩོད་ཡང་ཡང་བྱུང་བས། མིའི་རིགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ནི་དུས་རབས་ཀྱི་རང་མདངས་ཡིན་མི་རུང་ཞིང་མཐུན་སྒྲིལ་མཉམ་ལས་བྱས་ན་གཞི་ནས་དཀའ་ངལ་ལས་སྒྲོལ་ཐུབ།འབྲེལ་ཐག་གཅོད་པ་ནི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་མིན་ལ།གཉིས་ཁེ་མཉམ་ལས་བྱས་ཚེ་གཞི་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་ཐུབ། སྒོ་ར་ཆུང་ཆུང་སྐོར་བ་དང་གྱང་མཐོན་པོ་རྩིག་པ་ནི་རྒྱལ་ཁབ་ཆེན་པོའི་བྱེད་སྟངས་ཤིག་མིན་པར་སྒོ་དབྱེ་མཉམ་སྤྱོད་བྱས་ཚེ་གཞི་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཐུབ། ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འབྲེལ་བ་ཡོད་ལ་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་ཡང་འབྲེལ་བ་ཡོད། ཀྲུང་གོ་དང་ཨ་རིས་མུ་མཐུད་ནས་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་ཡང་དག་པའི་མཉམ་གནས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་གོ་ལ་དེའི་ཐོག་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཡུན་རིང་ཞི་བདེ་མཉམ་གནས་མངོན་འགྱུར་ཡོང་བ་བྱས་ནས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་མང་ཙམ་སྤྲོད་པ་དང་དྲང་ནུས་མང་ཙམ་མཁོ་འདོན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་གཞོལ་བའི་དམིགས་ཚད་ལ་འགྱུར་བ་བྱུང་མེད་པ་དང་། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་ཐོག་ནས་ཀྲུང་ཨའི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་ལ་འགྱུར་བ་བྱུང་མེད་པ།རང་ཉིད་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་བྱུང་མེད་པ།ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་བྱེད་པའི་བསམ་བློར་འགྱུར་བ་བྱུང་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་སྐད་ཆ་ཤོད་རེས་མུ་མཐུད་རྒྱུན་འཁྱོངས་དང་། མཉམ་ལས་རྒྱ་སྐྱེད།མི་མཐུན་པའི་ཆར་དོ་དམ་དང་ཚོད་འཛིན་བཅས་བྱས་ཏེ་ལས་སླ་པོར་བྱུང་བ་ཞིག་མིན་པའི་ཀྲུང་ཨའི་ལེགས་སུ་འགྲོ་བཞིན་པའི་འབྲེལ་བའི་རྣམ་པ་རྒྱུན་མཐུད་ཐུབ་པ་བྱེད་འདོད་ཡོད་ཅེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས་ཐའེ་ཝན་དང་། དཔལ་འབྱོར་ཚོང་དོན་ཚན་རྩལ།དྲ་རྒྱའི་བདེ་འཇགས།ནན་ཧའེ། ཡུག་རེན་གྱི་ཉམས་ཉེན།ཁྲའོ་ཞན་ཕྱེད་གླིང་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཐའེ་ཝན་རང་བཙན་གྱི་ཁ་ཕྲལ་བྱེད་སྤྱོད་དེ་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ཐད་མེ་དང་ཆུ་ལྟ་བུར་གཅིག་ཏུ་གནས་ཐབས་མེད་པ་ཞིག་རེད། ཨ་རི་ཕྱོགས་ཀྱིས་ཐའེ་ཝན་མཚོ་འགག་གི་ཞི་བདེ་སྲུང་སྐྱོང་བྱེད་སྙམ་ན།འགག་རྩ་ནི་ལའེ་ཆིང་ཏེ་དང་དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱི་ཐའེ་ཝན་རང་བཙན་གྱི་ངོ་བོ་ལ་ངོས་འཛིན་གསལ་པོ་བྱས་ནས་ཐའེ་ཝན་གྱི་གནད་དོན་གཟབ་ནན་ངང་ཐག་གཅོད་བྱེད་པ་དང་།ཐའེ་ཝན་རང་བཙན་ལ་ངོ་རྒོལ་ཁ་གསལ་བྱེད་པ། ཀྲུང་གོ་ཞི་བདེ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱེད་པ་བཅས་བྱེད་དགོས།

ཀྲུང་གོའི་མི་དམངས་ཀྱི་འཕེལ་རྒྱས་ཁེ་དབང་བཙན་འཕྲོག་དང་སྣང་མེད་དུ་འཇོག་མི་རུང་བ་ཞིག་ཡིན། རྒྱལ་ཁབ་ཁག་ཚང་མར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡོད་པས།རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་སྤྱི་ཁྱབ་ཅན་དུ་འགྱུར་མི་རུང་ལ།དེ་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པར་བསམ་ངན་བཅངས་ཏེ་མགོ་གནོན་ནི་དེ་བས་ཀྱང་བྱེད་མི་རུང་།

ཀྲུང་གོས་དྲ་རྒྱའི་ཚུར་རྒོལ་བྱེད་ཅེས་ཟེར་བར་དཔང་རྟགས་མེད་ལ་གནས་ལུགས་ཀྱང་མེད།ཀྲུང་གོ་ཕྱོགས་ནི་རྒྱལ་སྤྱིའི་དྲ་རྒྱའི་གནོད་འཚེ་ཕོག་མཁན་ཞིག་ཡིན་པས།རྣམ་པ་གང་རུང་གི་དྲ་རྒྱའི་ཕར་རྒོལ་ལ་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་པ་དང་འབྲེལ་རྡུང་རྡེག་གཏོང་གི་ཡོད།

ཀྲུང་གོ་ཕྱོགས་ཀྱིས་ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དོ་བདག་ཕྱོགས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ལྷོ་རྒྱ་མཚོའི་རྩོད་གཞིར་དོ་དམ་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་ཡག་ཤོས་ཤིག་ཡིན།ཨ་རི་ནན་ཧྲ་གླིང་ཕྲན་དང་འབྲེལ་བ་ཡོད་པའི་ཕྱོགས་གཉིས་ཀྱི་རྩོད་གླེང་ལ་ཞུགས་མི་རུང་ལ།འཁྲུག་རྐྱེན་སློང་མཁན་རྒྱ་ཡན་དུ་གཏོང་མི་རུང་ལ་རྒྱབ་སྐྱོར་ཡང་བྱེད་མི་རུང་།

ཡུག་རེན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་བྱ་སྤྱོད་ཐོག་མཐའ་བར་གསུམ་དུ་ཁ་གསལ་གཏིང་གསལ་ཡིན་པ་སྟེ།འདུམ་འགྲིག་བྱེད་པ་དང་།ཁ་ཏ་བྱེད་པ།གྲོས་མོལ་ལ་སྐུལ་འདེད་གཏོང་བ།ཞི་བདེའི་ཆེད་དུ་གང་སར་སྐྱོད་པ།དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་དམག་འཁྲུག་དང་ཟིང་ཆ་ལངས་སུ་འཇུག་མི་སྲིད་ལ་ཀྲུང་གོའི་འཐབ་ཇུས་བདེ་འཇགས་དང་ལྟེ་བའི་ཁེ་ཕན་ལ་འཇིགས་སྐུལ་ཕོག་པར་བལྟས་ནས་སྡོད་མི་སྲིད་ཅེས་ནན་གསུངས་གནང་ཡོད།

པའེ་ཏེང་གིས་ཨ་ཀྲུང་འབྲེལ་བ་དེ་འཛམ་གླིང་ཐོག་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་པའི་ངོས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འབྲེལ་བ་ཡོད་པར་མ་ཟད།འཛམ་གླིང་གི་འབྱུང་འགྱུར་དང་ཡང་འབྲེལ་བ་ཡོད། ཨ་ཀྲུང་གི་འགྲན་རྩོད་དེ་གདོང་ཐུག་ཏུ་མི་འགྱུར་བ་བྱ་རྒྱུ་ནི་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་ལ་འཁུར་བའི་འགན་འཁྲི་ཞིག་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-19 6 6 拉萨日报藏文 c191358.html 1 /enpproperty-->