分享按钮

《ཉི་འོད་གྲོང་ཁྱེར》གྱི་པར་ལེན་བྱ་ཡུལ་དུ་བསྐྱོད་ནས་ལྷ་སའི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཀྱི་དེང་རབས་གྲོང་ཁྱེར་གྱི་འཚོ་བ་མཚོན་པའི་འཁྲབ་ཚན་ཐོག་མ་ཡིན་པའི《ཉི་འོད་གྲོང་ཁྱེར》ཞེས་པར་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད། འཁྲབ་ཚན་ནང་བོད་ལྗོངས་ཀྱི་དམིགས་བསལ་རང་བྱུང་ཡུལ་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོཊ་ཀྱིས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ནས་འཁྲབ་ཚན་ལ་ལྟ་བའི་ཚ་རླབས་ཤིག་འཕྱུར་ཡོད། ཡུན་རིང་མ་སོང་གོང་། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ《ཉི་འོད་གྲོང་ཁྱེར》ཞེས་པའི་འཁྲབ་ཚན་གྱི་པར་ལེན་ཁུལ་དུ་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་ཞིང་།ཉེ་ཆར། གསར་འགོད་པ་པར་ལེན་བྱ་ཡུལ་སྟེ་ཆོས་ཟུར་སྒོ་ར་དང་ཀུན་བཟང་རྩེ་སྒོ་ར་ཆེན་མོར་བསྐྱོད་ཡོད།

ཆོས་ཟུར་སྒོ་ར་ཆེན་མོའི་ནང་སྐྱོད་སྐབས་སྒོ་རའི་ནང་ཉི་འོད་ལམ་ལམ་དུ་འཕྲོ་ཞིང་། ཨ་ཅག་ཅིག་བག་ཕེབས་ངང་ཉི་མ་སྲོ་བཞིན་ཡོད་པ་དང་། ཆུ་ཀ་ལའི་འགྲམ་དུ་བུ་ཞིག་གདོང་འཁྲུ་བཞིན་ཡོད་ལ་ནང་མིས་ཐོག་ཁང་ནས་སྐད་གཏོང་བའི་སྐད་སྒྲའང་ཐོས་ཀྱི་ཡོད། སྒོ་རའི་སྟེང་གི་གཡའ་དག་པའི་ནམ་མཁར་ལྟ་སྐབས། འདི་ནི་བར་སྐོར་ཁྲོམ་གཞུང་གི་སྒོ་ར་རྙིང་པའི་སྤྱིར་བཏང་གི་འཚོ་བའི་ཁྲོད་ཀྱི་ཆེས་ཡི་གར་འོང་བའི་རྣམ་པ་ཞིག་ཡིན། གལ་སྲིད་སྐུ་ཉིད་ལྷ་སར་ཡུལ་སྐོར་དུ་ཕེབས་ཚེ། བར་སྐོར་ཁྲོམ་གཞུང་དུ་ཕེབས་ནས་གནའ་བོའི་འཛུགས་སྐྲུན་གྱི་སྒོ་ར་ཆེན་པོའི་ནང་དུ་བཞུགས་ནས་འཚོ་བར་ཉམས་ལེན་ཞིག་གནང་དང་།ལྷིང་འཇགས་དང་བག་ཕེབས་ཀྱི་ཁོར་ཡུག་འདི་ནས་ཁྱེད་རང་ལ་ལུས་སེམས་ལྷོད་ལ་བབ་པའི་གོ་སྐབས་ཤིག་སྦྱིན་ངེས་ཡིན།

“ཚ་དམ་ནང་བླུགས་པའི་ཇ་མངར་མོ་དེ་ཚ་པོ་ཡིན་པ་ཇི་བཞིན། ཕན་ཚུན་བརྩེ་བ་ཟབ་པའི་མི་གཉིས་ཀྱི་མིག་ཟུང་ལ་ཡང་དྲོད་ཁོལ་འཁྱིལ་ཡོད”ཅེས་པ་འདི་ནི་བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པའི་ནང་གི་རྨོ་བོ་ཟླ་སྒྲོན་ལགས་ཀྱིས་གསུངས་པའི་བཀའ་མོལ་ཞིག་ཡིན་པ་དང་། བཀའ་མོལ་དེར་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཇ་ཁང་ནང་གྲོགས་པོ་གྲོགས་མོ་དང་མཉམ་དུ་བསྡད་ནས་ཇ་མངར་མོ་ཕོར་བ་གང་འཐུང་ཞོར་དུ་མི་ཚེའི་གཏམ་རྒྱུད་དང་འཚོ་བའི་སྐྱིད་སྡུག་གླེང་ནས་ལྷ་སའི་སོས་དལ་དང་བག་ཕེབས་ཀྱི་འཚོ་བ་ལོངས་སུ་སྤྱོད་ཆོག་གི་ཡོད། གཞན་ཡང་ཇ་མངར་མོ་འཐུང་སྐབས་ད་དུང་བོད་ཐུག་དང་།ཞོག་བཀྲག བོད་སྒོང་། ལ་ཕུག་བསྙལ་མ་བཅས་བོད་ཀྱི་ཐུན་མིན་སིལ་ཟས་རོ་རྒྱ་ལྡན་པ་ལོངས་སུ་སྤྱོད་ཆོག གལ་སྲིད་ས་ཆ་དེ་གའི་རྒན་རྒོན་དང་འཕྲད་ཚེ་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱས་ནས་ལྷ་སའི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་བྱེད་ཆོག ཡང་ན། དེ་གར་ཁ་ཁུ་སིམ་པོར་བསྡད་ནས་ཉི་མ་སྲོ་བཞིན་དུ་སེམས་པ་ལྷོད་ལ་བབས་ཏེ།སོས་དལ་བག་ཕེབས་ཀྱི་ནམ་ཟླ་ལོངས་སུ་སྤྱོད་ཆོག་གི་ཡོད།

བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པའི་ནང་བསོད་ནམས་ཀྱིས་མཚོན་པའི་གཞོན་ནུ་དྲུག་གིས་བོད་ལྗོངས་ཀྱི་ས་གཞི་ཆེན་མོར་ཕུགས་འདུན་དོན་གཉེར་བྱེད་པའི་གཏམ་རྒྱུད་བརྗོད་ཡོད་པ་དང་། དེས་དེང་རབས་ཀྱི་བོད་ལྗོངས་མི་དམངས་ཀྱི་འབད་འབུངས་ཡར་བརྩོན་གྱི་འཚོ་བའི་ཉམས་འགྱུར་གསོན་ཉམས་དོད་པོས་མཚོན་ཡོད། པར་ཤེལ་འོག་གི་ལྷ་སར་མི་སེམས་ལ་དྲོད་ཁོལ་སྦྱིན་པའི་ནམ་ཟླས་ཁེངས་ཤིང་། བར་སྐོར་ཁྲོམ་གཞུང་དུ་འཚོ་བའི་ཉམས་དང་མིའི་བརྩེ་སེམས་མཉམ་དུ་འདྲེས་ནས་ལྟད་མོ་བར་བོད་ལྗོངས་ཀྱི་རིག་གནས་ཀྱི་སྣ་མང་རང་བཞིན་ཤེས་རྟོཊ་བྱེད་པའི་ཟུར་སྣེ་གསར་པ་ཞིག་མཁོ་འདོན་བྱས་ཡོད། དེ་ལས་བོད་ལྗོངས་ཀྱི་རང་བྱུང་གི་མཛེས་པ་དང་། སྤྱི་ཚོཊ་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་པ། འཕེལ་རྒྱས་ཀྱི་མཛེས་པ། མི་རིགས་མཐུན་སྒྲིལ་གྱི་མཛེས་པ་བཅས་མངོན་པར་མ་ཟད།བོད་རིགས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགའ་ཞེན་དང་དོན་གཉེར་ཡང་མངོན་ཡོད། 《ཉི་འོད་གྲོང་ཁྱེར》ཞེས་པས་དེ་བས་སྣ་མང་དང་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་བར་སྐོར་གྱི་རྩམ་དྲི་དང་མར་དྲི་འཐུལ་བའི་འཚོ་བའི་ཉམས་དང་དང་དེ་བཞིན་གཞོན་ནུ་མི་རབས་ཚོའི་ཕུཊ་འདུན་དོན་གཉེར་བྱེད་པའི་སྙིང་སྟོབས་གསོན་ཉམས་དོད་པོས་མཚོན་ཡོད། ཀུན་བཟང་རྩེ་སྒོ་རས་གཙོ་འཁྲབ་བསོད་ནམས་ཀྱི་ལས་གཏོད་ལམ་བུར་བདེན་དཔང་བྱས་པར་མ་ཟད། བོད་ལྗོངས་ཀྱི་གཞོན་ནུའི་ལས་གཏོད་པའི་ཕུཊ་འདུན་ལ་ཡང་བདེན་དཔང་བྱས་ཡོད།

ཀུན་བཟང་རྩེ་སྒོ་ར་ཆེན་མོར་སྐྱོད་སྐབས་ཁོག་ཧྥེ་ཡི་དྲི་ཞིམ་འཐུལ་བཞིན་ཡོད་པ་དང་། སྒོ་རའི་གཡོན་ངོས་སུ་ཁོག་ཧྥེ་ཁང་ཞིག་ཡོད། དེ་ནི་བསྟན་འཛིན་སྐལ་བཟང་དང་གྲོགས་པོ་གཉིས་པོས་ཐུན་མོང་ཐོག་གཉེར་སྐྱོང་བྱེད་ཀྱི་ཡོད། ཁོག་ཧྥེ་ཁང་དུ་མེ་ཏོག་གིས་བསྐོར་ཡོད་ཅིང་། འདི་གར་བསྡད་ནས་ཁོག་ཧྥེ་འཐུང་ཞོར་དུ་ལུས་སེམས་ལྷོད་ལ་བབས་ཏེ་ཁུ་སིམ་ངང་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་ཆོག་གི་ཡོད།

ཁོག་ཧྥེ་ཁང་གི་སྦྱིན་བདག་བསྟན་འཛིན་སྐལ་བཟང་གིས། ན་ནིང་བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པ་དེ་རང་ཁྱིམ་གྱི་སྒོ་རར་པར་ལེན་བྱས་ཤིང་། ཉེ་ཆར་སླར་ཡང་བརྙན་འཕྲིན་འཁྲབ་ཚན་གྱི་པར་ལེན་ཁུལ་གྱི་སྒོ་བྱང་བཀལ་བས་ཡུལ་སྐོར་བ་ཁག་ཅིག་གི་ཡིད་དབང་བཀུག་ཡོད།ཡུལ་སྐོར་བས་བརྙན་འཕྲིན་འཁྲབ་ཚན་ལ་ལྟ་བ་དང་། མཉེན་ཆས་ཐོག་ནས་བརྙན་འཕྲིན་འཁྲབ་ཚན་གྱི་ཉམས་ལེན་ཁུལ་འཚོལ་བཤེར་བྱེད་པ། ཡུལ་སྐོར་བ་གཞན་ལ་སྐད་ཆ་འདྲི་བ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་གར་ཡོང་གི་ཡོད་ཅེས་བཤད།

ཡུལ་སྐོར་བ་ལི་ལགས་ཀྱིས། ང་བོད་ལྗོངས་ལ་འགྲོ་འདོད་ཆེན་པོ་ཡོད་མོད། འོན་ཀྱང་ངས་བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》བརྒྱུད་སེམས་ཐག་བཅད་ནས་བོད་ལྗོངས་སུ་ཡོང་བ་ཡིན། འཁྲབ་ཚན་ནང་གི་ཕུགས་བསམ་དོན་གཉེར་བྱེད་མཁན་གཞོན་ནུ་ཚོ་དང་། ད་དུང་བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་ངའི་ཡིད་ཅིག་ཅར་དུ་འཕྲོག་བྱུང་། ད་ཐེངས་བོད་ལྗོངས་སུ་ཡོང་སྐབས་ཆེད་མངགས་ཕོ་བྲང་པོ་ཏ་ལ་དང་བར་སྐོར་ཁྲོམ་གཞུང་སོགས་ས་གནས་ཀྱི་མཛེས་ལྗོངས་ཁུལ་དུ་ཕྱིན་པ་ཡིན། བརྙན་འཕྲིན་འཁྲབ་ཚན་ནང་སླེབས་པ་ལྟ་བུའི་ཚོར་བ་ཞིག་སྦྱིན་བྱུང་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-17 6 6 拉萨日报藏文 c191102.html 1 《ཉི་འོད་གྲོང་ཁྱེར》གྱི་པར་ལེན་བྱ་ཡུལ་དུ་བསྐྱོད་ནས་ལྷ་སའི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་པ། /enpproperty-->