ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གི་གཞོན་ནུ་ལོ་ཆུང་སློབ་མའི་ཚན་རྩལ་གསར་གཏོད་ཀྱི་བསམ་བློ་སྔར་བས་ཟབ་ཏུ་བཏང་ནས་གཞོན་ནུ་ལོ་ཆུང་གིས་ཚན་རིག་ལ་སློབ་སྦྱོང་དང་། ཚན་རིག་ལ་དགའ་ཞེན། ཚན་རིག་བེད་སྤྱོད་བཅས་ཀྱི་སྤྲོ་སེམས་འཕེལ་བར་བྱ་ཆེད། ཟླ་11ཚེས་4ནས་10ཉིན་བར། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་གསར་གཏོད་དང་ལག་ལེན་ཞེས་པ་གཙོ་དོན་དུ་བྱས་པའི་ཚན་རིག་ཁྱབ་གདལ་དང་། ཞིབ་འཇུག སློབ་སྦྱོང་བཅས་དང་ཚན་རིག་ཁྱབ་གདལ་དུ་གཏོང་བའི་དགུན་ཁའི་སྒར་སའི་བྱེད་སྒོ་དེ་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་བདེ་བླག་ངང་གཉེར་བ་རེད། སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་དང་པོ་ནས་ཡོང་བའི་དགེ་སློབ་ཀྱི་འཐུས་མི་10ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་པ་དང་། བྱེད་སྒོར་ཅང་སུའུ་ཞིང་ཆེན་ཚན་རྩལ་མཐུན་ཚོགས་དང་ཅང་སུའུ་ཞིང་ཆེན་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད།
བྱེད་སྒོ་སྤེལ་རིང་།ཚོགས་པ་དེ་ཅང་ཏུང་མོན་དྲན་གསོ་ཁང་དང་། ནན་ཅིང་ཡུས་ཧྭ་ཐའེ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་། ནན་ཅིང་གི་འབྲི་ཆུ་བརྒལ་བའི་རྒྱལ་ཁའི་དྲན་གསོ་ཁང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞིར་བསྐྱོད་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན། གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་གཞོན་ནུ་ལོ་ཆུང་སློབ་མའི་རང་ཚུགས་རང་བདག་དང་གསར་འབྱེད་ཡར་བརྩོན་གྱི་གསར་གཏོད་སྙིང་སྟོབས་འཕེལ་བར་བྱས་པ་རེད། དེ་དང་ཆབས་ཅིག་ཚོགས་པ་དེ་ནན་ཅིང་ཆ་འཕྲིན་བཟོ་སྐྲུན་སློབ་ཆེན་དང་། ནན་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན། ནན་ཅིང་ཙི་ཅིན་རི་བོའི་གནམ་དཔྱད་ལས་ཁུངས། ནན་ཅིང་གནའ་བོའི་སྐྱེ་དངོས་རྟེན་མཛོད་ཁང་། ཀྲེན་ཅང་ཚན་རྩལ་ཁང་། ནན་ཅིང་ཅི་ཡུས་འབྱུང་འགྱུར་འཕྲུལ་མིའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་སོགས་སློབ་གྲྭ་ཆེན་མོའི་ཚན་ཞིབ་ཁང་དང་། ཚན་རིག་ཁྱབ་གདལ་ཁང་། ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་སོགས་སུ་བསྐྱོད་དེ་ཐག་ཉེ་ས་ནས་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལ་ཉམས་ལེན་དང་། ཚན་རིག་གི་ངོ་མཚར་དང་གསང་བར་ཉམས་ལེན་བྱས་ནས་སྤྲོ་སྣང་སྔར་བས་འཕེལ་བར་བྱས་ཏེ། གཞོན་ནུ་ལོ་ཆུང་གི་ཚན་རྩལ་གྱི་ཕུགས་འདུན་མངོན་གསལ་དོད་དུ་བཏང་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་གཙོ་བོ་ཞིབ་འཇུག་དང་སློབ་སྦྱོང་། ཤེས་རྟོགས་དང་ཉམས་ལེན། གསར་གཏོད་དང་ལག་ལེན་བཅས་ཕྱོགས་ཆེན་པོ་གསུམ་ལ་དམིགས་ནས་ཡུལ་དངོས་སུ་ལྟ་སྐོར་དང་། གཅིག་སྡུད་ཐོག་སློབ་ཁྲིད། ལག་ལེན་དང་འཚོལ་ཞིབ། ལག་ལེན་དང་བཀོལ་སྤྱོད་སོགས་ཀྱི་བྱ་ཐབས་སྤྱད་པ་དང་།ཕྱོགས་མང་མང་པོའི་ཐོག་ནས་མྱོང་རོལ་དང་ཕན་ཚུན་ལ་སློབ་སྦྱོང་བྱས་པ་བརྒྱུད། ཕྲུ་གུ་ཚོའི་ཚན་རིག་ལ་བཅངས་བའི་སྤྲོ་སེམས་དང་། གསར་གཏོད་ཀྱི་འདུ་ཤེས། གསར་གཏོད་ཀྱི་ནུས་པ་བཅས་ཆེ་རུ་གཏོང་རྒྱུ་རེད། བྱེད་སྒོའི་ཁྲོད་ཕྲུ་གུ་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་གནམ་གཤིས་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་བེད་སྤྱོད་བྱས་པ་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་ལ་ཉམས་ལེན། འབུ་སྲིན་གྱི་མ་དཔེ་དངོས་སུ་བཟོ་བ།འཕྲུལ་མིའི་འགྲན་བསྡུར་བྱེད་པ། མི་མེད་གནམ་གྲུ་དམའ་སར་འཕུར་སྐྱོད་བྱེད་པ་སོགས་དང་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པར་བྱས་ཏེ། ཚན་རྩལ་ཤེས་བྱར་སློབ་སྦྱོང་བྱས་པ་ལས་བྱུང་བའི་སྤྲོ་སྣང་ལ་ཉམས་ལེན་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་སློབ་གསོའི“འཐེན་ཐབས”ཁྲོད་ནས་ཚན་རྩལ་སློབ་གསོའི“སྣོན་ཐབས”ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད། ལྗོངས་ཕྱི་ནང་གི་སྤུས་ལེགས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་ཀྱི་འགྲན་བསྡུར་ཆེན་མོ་སྐབས་7དང་། ཚན་རིག་ཁྱབ་གདལ་གྱི་དབྱར་དགུན་གྱི་སྒར་ས་ཐེངས་4 ཚན་རིག་ཁྱབ་གདལ་གྱི་དགའ་ནེའུ་དུས་ཆེན་དུས་ཐེངས་3 ཡོན་ཧྲི་དང་། རིགས་གཅིག་མཁས་ཅན། དང་བླངས་པ་བཅས་མཐའ་མཚམས་སུ་ཚན་རིག་ཁྱབ་གདལ་བྱེད་པར་བསྐྱོད་པའི་བྱེད་སྒོ་ཐེངས་2 མཐོ་སློབ་ཀྱི་ཚན་རིག་སྒར་ས་ཐེངས་5སྒྲིག་འཛུགས་བཅས་བྱས་པར་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་13གྱི་མི་ཐེངས་2500ལྷག་ཙམ་ཞུགས་ཡོད། རྩལ་ནུས་འགྲན་བསྡུར་དང་། ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད། ཚན་རིག་ཁྱབ་གདལ་གྱི་མཉམ་འགུལ་བྱེད་སྒོ། ཚན་རིག་ཁྱབ་གདལ་དང་། ཞིབ་འཇུག སློབ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད། ཕྲུ་གུ་ཚོར་ཚན་རིག་རང་བཞིན་དང་། སྤྲོ་སྣང་རང་བཞིན། ཐེ་ཞུགས་རང་བཞིན། མཉམ་སྒུལ་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ཚན་རིག་ཁྱབ་གདལ་གྱི་གསོལ་སྟོན་ཆེན་པོ་རྒྱུན་ཆད་མེད་པར་མངོན་པ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མའི་མཚར་སྣང་དང་། བསམ་པའི་བཀོད་ཤུགས། འཚོལ་ཞིབ་བྱེད་འདོད་བཅས་འཕེལ་བར་བྱས་ནས་རང་གྲོང་གི་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་མཐོ་རུ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社