ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བྱ་ར་མདོ་གྲོང་ཚོའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་གྲོན་དངུལ་འཇལ་བའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མང་ཚོགས་འགན་བཅོལ་ནང་ཞུགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཟླ་11ཚེས་13ཉིན་ནས་བཟུང་བྱ་ར་མདོ་གྲོང་ཚོ་ཨུ་ལྷན་གྱིས་2025ལོའི་སྨན་བཅོས་འགན་བཅོལ་གྱི་གྲོན་བསྡུའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱས་པ་རེད།
ད་ཐེངས་ཀྱི་གྲོན་དངུལ་བསྡུ་བའི་ལས་དོན་ཁྲོད་བྱ་ར་མདོ་གྲོང་ཚོས་གྲོང་ཚོ་རིམ་པའི་ཞབས་ཞུའི་སྟེགས་བུ་དང་ཡུལ་མིའི་ཚོགས་ཆུང་ཁག་གི་སྐད་འཕྲིན་ཚོགས་པ་བརྒྱུད་ཆ་འཕྲིན་ཡོངས་བསྒྲགས་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤེལ་ནས་ཡུལ་མིར་2025ལོའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་འགྱུར་ལྡོག་གསར་པ་དང་།གྲོན་དངུལ་འཇལ་བའི་ཚད་གཞི། གྲོན་དངུལ་འཇལ་བའི་དུས་བཀག་སོགས་ནང་དོན་གལ་ཆེན་དྲིལ་བསྒྲགས་བྱས་ནས་ཡུལ་མིའི་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་ལས་དོན་པ་སྒྲིག་འཛུགས་བྱས་ནས་གྲོང་ཚོ་ཨུ་ལྷན་དུ་ཆེད་དོན་ཞབས་ཞུའི་ས་ཚིགས་བཙུགས་ཏེ་ཡུལ་དངོས་སུ་གྲོང་མིར་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་དང་བསྡུར་ཚད་སོགས་ཀྱི་དོགས་གནད་ལ་ལན་བརྒྱབ་པ་རེད། རྒན་རྒོན་ཚོས་གྲོན་དངུལ་འཇལ་བའི་བརྒྱུད་རིམ་ལ་ཆ་རྒྱུས་མེད་པར་དམིགས་ནས། ལས་དོན་པས་གཅིག་གཏད་གཅིག་གི་ཐོག་ནས་བཀོལ་སྤྱོད་བྱེད་སྟངས་ལ་མཛུབ་སྟོན་བྱེད་པའམ་ཡང་ན་ཐད་ཀར་ཁོང་ཚོར་གྲོན་དངུལ་འཇལ་རོགས་བྱས་པ་རེད། གྲོང་ཚོའི་ནང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གྲོང་ཚོ་ཨུ་ལྷན་གྱིས་གནས་ཚུལ་བདེན་མིན་ཞིབ་དཔྱད་ནན་ཏན་དང་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱས་ཏེ་ཁོང་ཚོ་བདེ་བླག་ངང་འགན་བཅོལ་ནང་ཞུཊ་ཐུབ་པའི་འགན་ལེན་བྱས་པ་རེད།
གྲོང་ཚོ་ཨུ་ལྷན་གྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་པ་བརྒྱུད་བྱ་ར་མདོ་གྲོང་ཚོའི་2025ལོའི་སྨན་བཅོས་འགན་བཅོལ་གྱི་གྲོན་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་ཡུལ་མི་ཚོའི་བདེ་རྩར་འགན་སྲུང་བྱེད་བཞིན་ཡོད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社