(པར་ངོས་དང་པོར་མཐུད)དེང་རབས་ཅན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་གསར་པ་ཞིག་མིག་ལམ་དུ་མངོན་བྱུང་།གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་Aཁུལ་ནས་གསར་འགོད་པ་ཁྲོམ་རའི་Bཁུལ་དུ་སྐྱོད་སྐབས། དེ་གར་བཅའ་སྡོད་བྱེད་ཉེར་ཡོད་པའི་ཆུ་ནང་ཐོན་རྫས་དང་འཁྱགས་ཟོག་ཚོང་ཁང་གི་སྦྱིན་བདག་གིས་ཚོང་ཁང་ལ་མཛེས་བཟོ་བྱེད་བཞིན་ཡོད་ཅིང་། ས་ངོས་སུ་མཛེས་བཟོའི་རྒྱུ་ཆ་མང་པོ་སྤུངས་ཡོད་པར་མ་ཟད། བཟོ་པ་ཚོས་པང་ལེབ་གཏུབ་བཞིན་ཡོད་པ་དང་གློག་སོག་གི་སྒྲ་གྲགས་བཞིན་ཡོད། གྱང་ཐོག་ཏུ་ཞིབ་ཚགས་ངང་དཀར་རྩི་བྱུག་པ་དང་། ཞལ་བ་སྙོམས་པོར་བྱུག་ནས་རིམ་བཞིན་ཚོང་ཁང་གི་རྣམ་པ་གསར་པ་མངོན་བཞིན་ཡོད་པ་བཅས་མཐོང་བྱུང་། ཁྲོམ་རའི་ལེ་ལག་ཚང་སྒྲིག་གི་གྲང་མཛོད་ཡིན་པའི་ངོས་ནས་Cཁུལ་ནི་སང་ལོའི་ཟླ་བ་དྲུག་པར་བེད་སྤྱོད་གཏོང་འགོ་འཛུགས་རྒྱུ་རེད།
གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། རྒྱ་ཆེའི་མང་ཚོགས་ཀྱི་དངོས་ཟོག་ཉོ་སྒྲུབ་ཀྱི་དགོས་མཁོ་དང་ཁྲོམ་རའི་ཕུགས་ཀྱི་འཕེལ་རྒྱས་ལ་བསམ་གཞིགས་གང་ལེགས་བྱས་ཡོད། ཞིང་ཞོར་ཉོ་ཚོང་ཁྲོམ་རར་ཁྱོན་ཤ་སོས་པ་དང་། སྔོ་ཚལ། ཆུ་ནང་ཐོན་རྫས། འཁྱགས་ཟས། བརྒྱ་ཟོག འབྲུ་སྣུམ་སོགས་ལས་རྣམ་ས་ཁོངས་14ཡོད་པ་དང་། རླངས་འཁོར་འཇོག་ས་284དང་དེ་བཞིན་ཉོ་སྒྲུབ་ངལ་གསོ་ཁུལ་1བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱི་རྒྱུན་གཏན་ཉོ་སྒྲུབ་ཀྱི་དགོས་མཁོ་བསྐངས་ནས་ཞབས་ཞུའི་སྤུས་ཚད་དང་འཛད་སྤྱོད་ཉམས་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།
གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་འགན་འཁུར་བ་བསྟན་འཛིན་གཡུ་སྒྲོན་གྱིས་ཁྲོམ་རའི་ས་བབ་ལེགས་པ་དང་། མི་འབོར་མང་བ། ཉེ་འཁོར་དུ་གྲོང་མིའི་སྡོད་ཁུལ་མང་བས་འགྲུལ་ཁུངས་བརྟན་པོ་འགན་ལེན་ཐུབ་ཡོད། འཐུས་སྒོ་དང་ལེ་ལག་ཚང་བའི་སྒྲིག་ཆས་དང་ལུགས་མཐུན་གྱི་ཁྲོམ་བཀྱག་གི་བཀོད་པ་དེས་ང་ཚོའི་ཚོང་ཁང་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། དེ་དང་ཆབས་ཅིག་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཚོང་ཟོག་སྣ་ཁ་འཛོམས་པ་དང་། སྔོ་ཚལ་དང་ཤིང་འབྲས་སོས་པ་དང་། ཤ་རིགས་སྣ་ཚོགས། མཚོ་ཟས་དང་ཆུ་ནང་ཐོན་རྫས་བཅས་དང་དེ་བཞིན་ཕུན་སུམ་ཚོགས་པའི་སྐམ་ཟོག་ཆ་ཚང་བ། རིན་གོང་ཁེ་ལ་སྤུས་ཚད་འགན་ལེན་བཅས་ཡོད་པས་གཅིག་འཐུས་ཉོ་སྒྲུབ་ཀྱིས་གྲོང་མི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཉོ་སྒྲུབ་དགོས་མཁོ་གང་ལེགས་སྐོང་ཐུབ་རྒྱུ་རེད་ཅེས་བཤད།
གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རས་རྒྱ་ཆེའི་གྲོང་མི་ཚོར་དེ་བས་ཕུན་སུམ་ཚོགས་པའི་ལས་རྣམ་གསར་པ་དང་། སྤུས་ལེགས་ཀྱི་ཐོན་རྫས། འཐུས་སྒོ་ཚང་བ་དང་ལེ་ལག་ཚང་བའི་སྒྲིག་ཆས་བཅས་མཁོ་འདོན་བྱས་ནས་སྐྱིད་སྣང་དོད་པ་དང་། སྟབས་བདེ་བ། བདེ་འཇགས་ལྡན་པ་བཅས་ཀྱི་ཉོ་སྒྲུབ་ཉམས་ལེན་ཐུབ་པ་དང་ཆབས་ཅིག་ཚོང་དུད་ལ་དེ་བས་ལེགས་པའི་དོ་དམ་ཞབས་ཞུ་དང་ཕྱིར་ཚོང་གི་ལས་སྟེགས་མཁོ་འདོན་བྱས་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社