(པར་ངོས་དང་པོར་མཐུད)ད་ལྟའི་བར་དུ་ལྷ་ས་གྲོང་ཁྱེར་དུ་རང་བྱུང་སོལ་རླངས་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ཀུང་སི་དེས་སོལ་རླངས་ཀྱི་མདོང་ལམ་འཛུགས་སྐྲུན་བྱེད་ཤུགས་དང་སོལ་རླངས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་གྲོང་མི་དེ་བས་མང་བར་འཚོ་བའི་ཐད་སྟབས་བདེ་བསྐྲུན་ཡོད། ཟླ་11ཚེས་14ཉིན། གསར་འགོད་པ་རྔ་ཆེན་ཤར་ལམ་དུ་གནས་པའི་ཙི་ཡུས་མིང་ཏུའུ་ཁུལ་ཆུང་དུ་སྐྱོད་སྐབས་རྨོ་ཟླ་བ་མཚམས་གཅོད་ལགས་ཀྱིས་རང་བྱུང་སོལ་རླངས་སྤྱོད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཆུང་དེ་2023ལོའི་ལོ་མཇུག་ཏུ་དོ་བདག་ལ་རྩིས་སྤྲད་པ་དང་། དོ་བདག་གི་སོལ་རླངས་སྤྱོད་པའི་རེ་ཞུ་འབྱོར་རྗེས། གྲོང་ཁྱེར་སེམས་དྲོད་ཀུང་སིའི་ལས་དོན་མི་སྣ་འཕྲལ་མར་སྒོ་རྩར་ཞབས་འདེགས་ཞུ་བར་ཕྱིན་ཡོད། མིག་སྔའི་བར་ཁུལ་ཆུང་དེའི་དུད་ཚང་320ལ་རང་བྱུང་སོལ་རླངས་ཤར་གཏོང་ཐུབ་ནས་ནུས་རྒྱུ་གཙང་མ་སྤྱོད་རྒྱུ་བྱུང་ཡོད་པ་རེད།
ཟླ་བ་མཚམས་གཅོད་ཀྱིས་ང་ཚོ་ཁུལ་ཆུང་འདིར་གནས་སྤོ་དུས་ནས་འདི་གར་རང་བྱུང་སོལ་རླངས་ཤར་གཏོང་ཐུབ་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག སྔོན་ཆད་ཕུ་དམ་སྤྱོད་ཀྱི་ཡོད་པས་འབར་རླངས་རྫོགས་མ་ཐག་ཕུ་དམ་ཁྱེར་ནས་ཕྱིར་འབར་རླངས་བླུགས་པར་འགྲོ་དགོས་ཀྱི་ཡོད། ད་ལྟ་རང་བྱུང་སོལ་རླངས་དེ་ལག་ཐོགས་ཁ་པར་བརྒྱུད་ནས་ཐད་ཀར་དངུལ་སྤྲད་ན་འགྲིག་ལ་རིན་གོང་ཡང་ཁེ་པོ་འདུག་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་རང་བྱུང་སོལ་རླངས་ཀྱི་མདོང་ལམ་དྲ་བའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་དང་རྒྱ་ཆེར་ཕྱིན་ནས་ཤར་ངོས་སུ་རྒྱལ་ལམ་318ཀྱི་མྱུར་བགྲོད་ཞིབ་བཤེར་ས་ཚིགས་ནས་སྟག་རྩེ་ཟམ་ཆེན་བར་སྣུར་སྲིང་བྱས་པ་དང་། ལྷོ་ངོས་སུ་ལྷོ་སྐོར་ལམ་ཐིག་ནས་ཚེ་མཆོག་གླིང་དང་ལྷ་སའི་མཐོ་གསར་ཁུལ་བར་སྣུར་སྲིང་བྱས་པ། ནུབ་ངོས་སུ་མཚོ་བོད་གཞུང་ལམ་གྱི་ལམ་མདོ་ནས་ཞང་ཞུང་གཞུང་ལམ་དང་ནག་ལྷའི་མྱུར་བགྲོད་གཞུང་ལམ་བར་སྣུར་སྲིང་བྱས་པ། བྱང་ངོས་སུ་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དང་ཉང་བྲན་ཁྲོམ་གཞུང་བར་རྒྱ་བསྐྱེད་ཡོད། སྤྱི་ཡོངས་ནས་བཤད་ན། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁུལ་གཙོ་བོ་དང་དེའི་མཐའ་འཁོར་དུ་སོལ་རླངས་མདོང་ལམ་དྲ་བ་གཞི་རྩའི་ཆ་ནས་ཁྱབ་ཡོད་པ་རེད། ལྷ་ས་གྲོང་ཁྱེར་གྱི་རང་བྱུང་སོལ་རླངས་སྤྱོད་མཁན་གྱི་གྲོང་མིའི་ཡིག་ཚགས་བཟོས་པའི་དུད་ཚང་ཁྲི་1.24བར་མང་དུ་ཕྱིན་པ་དང་། གྲོང་མི་མིན་པའི་དུད་ཚང་ད་ལོ་133མང་དུ་ཕྱིན་ཡོད་པ་རེད། རང་བྱུང་སོལ་རླངས་རྒྱ་ཁྱབ་ངང་སྤྱད་པས་གྲོང་མིའི་འཚོ་བར་སྟབས་བདེ་བྱུང་བར་མ་ཟད། སློབ་གྲྭ་དང་ཁེ་ལས་སོགས་ཚན་པའི་རྒྱུན་གཏན་འཁོར་སྐྱོད་ལ་འགན་ལེན་ཡང་བྱུང་ཡོད་པ་རེད།
རང་བྱུང་སོལ་རླངས་ཀྱི་རིན་གོང་ཐད། 2014ལོའི་ཟླ་12ཚེས་1ཉིན་ནས་བཟུང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་གཤམ་སྤེལ་བྱས་པའི《ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་དང་སོལ་རླངས་ཀྱི་རིན་གོང་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་འགོད་བཀའ་ལན》ཐོག་མཐའ་བར་གསུམ་དུ་ལག་བསྟར་ནན་པོ་བྱས་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དུད་ཚང་རེས་ལོར་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་1500(སྨི་རྒྱ་དཔངས་གྲུ་བཞི་མ་1500ཚུད་པ)ཡི་ནང་ཚུན་གྱི་རིན་གོང་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྒོར་1.50ཡིན། སྨི་རྒྱ་དཔངས་གྲུ་བཞི་མ་1500ཡན་གྱི་རིན་གོང་ནི་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྒོར་4.46ཡིན། དཀའ་ངལ་ཡོད་པའི་ཚོགས་སྤྱིས་ལོར་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་600(སྨི་རྒྱ་དཔངས་གྲུ་བཞི་མ་600ཚུད་པ)ཡི་ནང་ཚུན་ལ་རིན་མི་དགོས་པ་དང་། དུད་ཚང་རེས་ལོར་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་600ལས་བརྒལ་ཚེ། ཚད་ལས་བརྒལ་བའི་རིན་གོང་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སོལ་རླངས་ཀྱི་རིན་གོང་གི་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་རེད།
ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཐེང་དབྱང་གོ་ཡིས་ད་ལོའི་དགུན་ཁ་ནས་སང་ལོའི་དཔྱིད་ཀ་བར་ལྷ་སའི་དྲོད་རླངས་མཁོ་འདོན་དུས་ཚིགས་སུ་རྒྱུན་གཏན་ལྟར་དྲོད་རླངས་མཁོ་འདོན་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་སྣེ་ཁྲིད་དེ་ལས་རིགས་གཙོ་གཉེར་སྡེ་ཚན་དང་བཅས་པ་མཚོ་སྔོན་གྱི་ཟི་ལིང་དང་གོར་མོར་བསྐྱོད་དེ་ལྗོངས་ཕྱིའི་རང་བྱུང་སོལ་རླངས་འབྱུང་ཁུངས་ཀྱི་སོལ་རླངས་གསོག་འཇོག་དང་། མདོང་ལམ་དྲ་བ་འཁོར་སྐྱོད། དྲོད་རླངས་མཁོ་འདོན་གྱི་ནུས་པ། འཕྲལ་སྡོམ་དོ་དམ། སྐྱེལ་འདྲེན་འགན་ལེན་སོགས་ཀྱི་ཐད་མཁོ་སྤྲོད་འགན་ལེན་གྱི་མཐུན་སྦྱོར་ཚོགས་འདུ་འཚོགས་པ་རེད། ད་ལོའི་དགུན་དུས་ནས་སང་ལོའི་དཔྱིད་ཀ་བར་གྱི་རང་བྱུང་སོལ་རླངས་མཁོ་སྤྲོད་འགན་ལེན་གྱི་ལས་དོན་བཀོད་སྒྲིག་བྱས་ཏེ་འབྲེལ་གཏུག་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་དགུན་དུས་དྲོད་རླངས་མཁོ་འདོན་འགན་ལེན་གྱི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ང་ཚོས་བདེ་འཇགས་ཞིབ་བཤེར་དང་དྲིལ་བསྒྲགས་ལས་དོན་སྤེལ་ཤུགས་ཀྱང་ཆེ་རུ་གཏོང་གི་ཡོད། དེའི་ཕྱིར་རྒྱ་ཆེའི་གྲོང་མིའི་རྣམས་ཀྱིས་ཀྱང་རང་བྱུང་སོལ་རླངས་སྤྱོད་པའི་བརྒྱུད་རིམ་ནང་གནད་དོན་གང་ཞིག་འཕྲད་ཀྱང་ཞབས་ཞུའི་ཐད་སྦྲེལ་ཁ་པར་96188བརྒྱབ་ནས་བློ་འདྲི་བྱེད་ཆོག་པའི་དྲན་སྐུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社