分享按钮

(པར་ངོས་དང་པོར་མཐུད)ཤེས་དཔལ་གྱི་བློ་གྲོས་ཀྱིས་ང་ཚོའི་འདུ་ཤེས་འདྲ་མཚུངས་དང་སེམས་པ་གཅིག་ཏུ་སྦྲེལ་ཡོད། ཀྲུང་གོ་བས་སྔར་ནས་བཟུང་ལྷག་བསམ་སྤྱོད་བཟང་དང་། བྱམས་སྐྱོང་སྤྱོད་བཟང་ལ་དང་དོད་བྱེད་པ་དང་། དབྱིན་ཅ་བས་རྐུ་འཕྲོག་མི་བྱེད་པ་དང་། རྫུན་མི་ཤོད་པ། ལེ་ལོ་མི་བྱེད་པ་བཅས་ཀྱི་དར་སྲོལ་སྤེལ་གྱི་ཡོད། ཕེ་རུའི་བསམ་བློ་མཁས་ཅན་མ་ལི་ཡ་ཐེ་ཅེས་བསམ་པ་དང་དངོས་པོའི་ཐད་ཀྲུང་གོ་དེ་ཡོ་རོབ་ལས་ང་ཚོ་དང་ཐག་ཉེ་བ་དང་ང་ཚོའི་མི་དམངས་ཀྱི་སེམས་ཁམས་ནི་ཨེ་ཤེ་ཡ་བ་དང་འདྲ་བ་ལས་ནུབ་ཕྱོགས་བ་མིན་ཞེས་བརྗོད་མྱོང་ཡོད། དེ་ནི་ཀྲུང་གོ་བས་གནས་སྤོས་ཡུལ་མི་བྱས་ནས་ལོ་ངོ་175སོང་རིང་ཕེ་རུའི་མི་དམངས་དང་ཁྲག་རྒྱུད་མཉམ་འདྲེས་དང་ཁ་འབྲལ་ཐབས་མེད་པའི་ཤེས་དཔལ་གྱི་གསང་གྲངས་དེ་རེད། ཉེ་དུས། རྒྱལ་ཁབ་གཉིས་པོའི་རླུང་འཕྲིན་བརྙན་འཕྲིན་སྡེ་ཚན་གྱིས་ཕེ་རུར《ལྕགས་རི་རིང་པོ་ནས་མ་ཆིའུ་པི་ཆིའུ་བར》ཞེས་པའི་པར་ཕུད་སྟོན་པའི་མཛད་སྒོ་འཚོགས་ནས《ལུས་གསུམ》སོགས་ཀྲུང་གོའི་ཕུལ་བྱུང་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་འགྲེམས་སྟོན་བྱ་རྒྱུ་ཡིན་པས་ཕེ་རུ་ཡི་གྲོགས་པོ་ཚོས་ཀྲུང་གོ་ཤེས་རྟོགས་དེ་བས་གཏིང་ཟབ་ཐུབ་རྒྱུར་ཕན་ཐོགས་ཡོང་བའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

མཛའ་བརྩེ་འདིས་ཕན་ཚུན་འོད་མདངས་འཕྲོ་བའི་ལོ་རྒྱུས་རྒྱུན་འཛིན་བྱས་ཡོད། མི་མང་པོ་ཞིག་གིས་ང་ལ་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕར་ཕྱོགས་མཐོང་སྐབས་སྙིང་ཉེ་བའི་ཚོར་སྣང་ཡོང་བ་དང་ཕར་ཕྱོགས་ཀྱི་རིག་དངོས་མཐོང་སྐབས་ངོ་ཤེས་བཟོ་འདུག་སྙམ་པ་ཡོང་གི་ཡོད་ཅེས་བཤད་བྱུང་། དཔེར་ན། ཕེ་རུ་ནས་ཐོན་པའི་དབྱིན་ཅ་བའི་གསེར་གྱི་ངོ་འབག་དང་ཀྲུང་གོའི་སན་ཤིང་ཏུའེ་ཡི་གསེར་གྱི་ངོ་འབག་གཉིས་ཧ་ཅང་འདྲ་པོ་ཡོད། མ་ཆིའུ་པི་ཆིའུ་གནའ་གྲོང་གི་མཆོད་སྟེགས་སྟེང་དུ་ཉིན་བཏགས་རྡོ་ཞིག་ཡོད་ཅིང་། དབྱིན་ཅ་བས་ཉི་གྲིབ་ཀྱི་འགྱུར་ལྡོག་ལ་བརྟེན་ནས་དུས་ཚིགས་གཏན་འཁེལ་དང་ལོ་ཐོ་བཟོ་ཡི་ཡོད། དེ་ནི་ཀྲུང་གོའི་གནའ་རབས་ཀྱི་དུས་ཚོད་ལྟ་ཆས་དང་ཁྱད་པར་མེད། ཀྲུང་གོའི་གནའ་བོའི་སི་ཁྲོན་གྱི་མེས་པོས་གཤོག་རྩལ་ངོམས་ནས་འཕུར་བའི་ཉི་མའི་ལྷ་དང་ཉི་མའི་ལྷ་ལ་དད་གུས་བྱེད་ཚུལ་མཚོན་པ་དེ་ནི་དབྱིན་ཅ་ཤེས་རིག་དང་གཅིག་མཚུངས་ཡིན་པ་དང་དེའི་ཐོག་ནས་འོད་སྣང་ལ་བློ་ཁ་ཕྱོགས་ལུགས་མཚོན་གྱི་ཡོད། ན་ནིང་ནས་བཟུང་། ཤེས་དཔལ་ཞེས་པའི་གོ་ལ་ཧྲིལ་པོའི་སྐོར་སྐྱོད་འགྲེམས་སྟོན་ཕེ་རུར་བྱས་པ་དང་། དབྱིན་ཅ་མཁའ་ལམ་ཞེས་པའི་ཨན་ཏི་སིའི་རིག་གནས་འགྲེམས་སྟོན་དང་། དབྱིན་ཅ་བ་དང་བཙན་རྒྱལ་གྱི་ཕྱོགས་བཞིའི་ས་ཆ་སོགས་ཀྱི་འགྲེམས་སྟོན་ཀྲུང་གོར་བྱས་པར་རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། ཉེ་ཆར། ཕྱོགས་གཉིས་པོས་ཕེ་རུར་ཉི་མའི་འོད་ཟེར་ཞེས་པ་སྤེལ་བ་སྟེ། གནའ་བོའི་སི་ཁྲོན་གྱི་ཤེས་དཔལ་དང་དབྱིན་ཅ་ཡི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་འགྲེམས་སྟོན་གཉེར་ནས་ཚང་མར་ལྟ་སྐོར་དུ་ཕེབས་རྒྱུར་དགའ་བསུ་ཞུས་ཡོད་ལ་ཀྲུང་གོ་དང་ཕེ་རུའི་ཤེས་དཔལ་གྱི་འོད་མདངས་ཕན་ཚུན་འཕྲོ་བའི་ཆ་དེ་བས་མང་བ་རྙེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

མཛའ་བརྩེ་འདིས་གཉིས་ཁེ་མཉམ་ཕན་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ཡོད། ཕེ་རུ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་གྲས་ཤིག་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། ཀྲུང་གོ་དང་ཕེ་རུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་མདུན་སྐྱོད་བྱས་པ་དང་། ལྷག་པར་དུ་2013ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ཡོད།

ཏོག་གསར་རིམས་ནད་ཐོན་རིང་། ཀྲུང་གོས་ཕེ་རུར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་གཏོང་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཕེ་རུར་རིམས་འགོག་སྨན་ཁབ་དང་རིམས་ནད་འགོག་བཅོས་དངོས་རྫས་མཁོ་འདོན་བྱས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་ནི་འགག་རྩའི་དུས་སུ་ཕེ་རུའི་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ཕེ་རུ་ནི་ཀྲུང་གོ་དང་རང་མོས་ཉོ་ཚོང་གི་གྲོས་ཆོད་རབ་དང་རིམ་པར་མིང་རྟགས་འགོད་མཁན་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཐོག་མ་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་ནང་ཞུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཀྲུང་གོ་འདི་ཉིད་ལོ་10བསྟུད་མར་ཕེ་རུའི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་སུ་གྱུར་བ་དང་། ན་ནིང་ཕེ་རུས་ཀྲུང་གོར་ཕྱིར་གཏོང་བྱས་པའི་གྲངས་འབོར་གྱིས་ཕེ་རུའི་ཕྱིར་གཏོང་བསྡོམས་འབོར་གྱི་བརྒྱ་ཆ་36བཟུང་ཡོད། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཕེ་རུར་མ་རྩ་གཏོང་ཚད་ཨ་སྒོར་དུང་ཕྱུར་300ཙམ་ཟིན་ཡོད་པ་རེད། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་མ་རྩ་བཏང་བའི་ལ་སི་པང་པ་སིའི་ཟངས་གཏེར་རྣམ་གྲངས་ཀྱི་ཐོན་རྫས་རིན་ཐང་གིས་ཕེ་རུའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བརྒྱ་1བཟུང་ནས་ལས་ཞུགས་ལས་གནས་ཁྲི་ཡན་བཏོད་ཡོད་པ་རེད། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཐུང་པེ་སི་ཁུལ་ཆེན་ཅ་ལི་ཏུའོ་སྨན་ཁང་གིས་གྲོང་མི་ཁྲི་10ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། ལི་མའི་ཁུལ་ཆེན་པོ་གསུམ་གྱི་ཆུ་དོན་རྣམ་གྲངས་བསྐྲུན་རྗེས་ཕེ་རུའི་མི་དམངས་ཁྲི་40ལྷག་ཙམ་གྱི་དྭངས་གཙང་སྤྱོད་ཆུའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།

ཀྲུང་གོའི་གནའ་དཔེར་རྒྱལ་ཁབ་སྐྱོང་བའི་གཞི་མ་ནི་དམངས་ཕན་རྩ་བར་འཛིན་རྒྱུ་དེ་ཡིན། ཕེ་རུའི་གཏམ་དཔེར་མི་དམངས་ཀྱི་སྐད་སྒྲ་ནི་དཀོན་མཆོག་གི་གསུང་རེད། མི་དམངས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་ནི་ང་ཚོ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་དོན་གཉེར་ཞིག་རེད། ང་ཚོས་ཀྲུང་གོ་དང་ཕེ་རུའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ་དང་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྒྱ་ཆེ་དང་གཏིང་ཟབ་ཏུ་བཏང་ནས་དེར་དུས་རབས་གསར་པའི་ནང་དོན་སྣོན་དགོས། ད་ལོའི་ཟླ་བ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་འཚོགས་ནས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེས་ཕེ་རུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་པ་དང་ཀྲུང་གོ་དང་ཕེ་རུའི་གཉིས་ཕན་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གསར་པ་བཏོད་ཡོད།

ད་ཐེངས་ཀྱི་འཚམས་འདྲིའི་རིང་། ངས་སྲིད་འཛིན་པོ་ལུའུ་ཨའར་ཐེ་དང་མཉམ་དུ་བརྙན་ལམ་བརྒྱུད་དེ་ཆན་ཁའེ་གྲུ་ཁའི་གྲུ་ཁ་འབྱེད་པའི་མཛད་སྒོར་ཐུན་མོང་ཐོག་ཞུགས་རྒྱུ་དང་། ཆན་ཁའེ་གྲུ་ཁ་ནི་ཀྲུང་གོ་དང་ཕེ་རུའི་དབར་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་སྐྲུན་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ་ལྷོ་ཨ་མེ་རི་ཁའི་རིག་ལྡན་གྲུ་ཁ་ཐོག་མ་དེའང་རེད། ཆན་ཁའེ་གྲུ་ཁའི་དུས་ཐེངས་དང་པོའི་ལས་གྲྭས་ཕེ་རུ་ནས་ཀྲུང་གོར་མཚོ་ཐོག་སྐྱེལ་འདྲེན་བྱེད་པའི་དུས་ཚོད་ཉིན་23ཐུང་དུ་བཏང་སྟེ་བརྒྱ་ཆ་20ཡན་གྱི་ཟོག་འགྲེམས་མ་གནས་གྲོན་ཆུང་ཐུབ་ནས་ལོ་ལྟར་ཕེ་རུར་ཡོང་འབབ་ཨ་སྒོར་དུང་ཕྱུར་45ཡོང་རྒྱུ་དང་ཐད་ཀའི་ལས་གནས་8000ལྷག་ཙམ་གཏོད་རྒྱུ་རེད། ཆན་ཁའེ་གྲུ་ཁ་བསྐྲུན་པ་དེས་ཕེ་རུའི་མཚོ་རྒྱུད་ནས་སྐམ་སའི་དབུས་ཁུལ་བར་དང་། ཕེ་རུ་ནས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་གཞན་དག་བར་གྱི་ལངས་གཟུགས་དང་། སྣ་མང་། ནུས་ཆེ་བཅས་ཀྱི་ཕན་ཚུན་འབྲེལ་མཐུད་ཀྱི་རྣམ་པ་བསྐྲུན་རྒྱུར་ཕན་པ་ཡོད་པ་དང་ཆན་ཁའེ་གྲུ་ཁ་འགོ་འཛུགས་སར་བྱས་པའི་དུས་རབས་གསར་པའི་དབྱིན་ཅ་གནའ་ལམ་བཏོད་དེ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གྱི་སྤྱི་ཡོངས་འཕེལ་རྒྱས་དང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྣེ་ཁྲིད་ཐུབ་རྒྱུ་རེད། གྲུ་ཁའི་རྣམ་གྲངས་པུས་ད་དུང་སྲོག་ཆགས་ཀྱི་རོགས་སྐྱོབ་ས་ཚིགས་བཙུགས་ཏེ་ངང་པ་རེ་འཆང་དང་། མཚོ་གཟིག འདབ་ཆགས་རིགས་བཅས་ལ་རོགས་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་རང་འགུལ་ངང་ཁུར་ནས་འདམ་ར་དང་། མཚོ་འགྲམ། སྐྱེ་དངོས་འཚོ་ཁུལ་བཅས་ཀྱི་ཁོར་ཡུག་གནས་ཚུལ་ལེགས་སུ་བཏང་བ་རེད། ང་ཚོས་ཐུན་མོང་ཐོག་ཆན་ཁའེ་གྲུ་ཁ་འཛུགས་སྐྲུན་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱས་ཏེ་ཆན་ཁའེ་ནས་ཧྲང་ཧའེ་བར་ཀྲུང་གོ་དང་ཕེ་རུ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དར་རྒྱས་ཀྱི་ལམ་བུར་དངོས་སུ་འགྱུར་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཕེ་རུར་ཆུང་ལ་མཛེས་པའི་དམངས་འཚོའི་མཉམ་ལས་རྣམ་གྲངས་མུ་མཐུད་ལག་བསྟར་བྱས་ནས་ལུའུ་པན་བཟོ་ཁང་དང་རྒྱ་ཡིག་བཟོ་ཁང་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་ལས་རིགས་སློབ་གསོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ས་གནས་དེ་གར་ལས་ཞུགས་ལས་གནས་དེ་བས་མང་བ་གཏོད་རྒྱུར་སྐུལ་ལྕག་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཕ་ཡུལ་གཅིག་པའི་སྤུན་ཟླའི་བརྩེ་སེམས་དེ་བས་ཟོལ་མེད་དང་ཚོར་སྣང་ཡོང་བར་བྱེད་དགོས།

ང་ཚོས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་དུས་རབས་ཀྱི་འགན་འཁྲི་ཁུར་ནས་རིག་གནས་སྒྱུ་རྩལ་དང་། སློབ་གསོ། ཚན་ཞིབ། ཡུལ་སྐོར། གཞོན་ནུ། རིག་གནས་ཤུལ་བཞག་སྲུང་སྐྱོང་། གནའ་རྫས་རྟོག་ཞིབ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་དེ་བས་མང་བ་སྤྱད་དེ་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་སྤྱི་ཚོགས་དམངས་འདོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་ཤེས་དཔལ་གནའ་བོའི་རྒྱལ་ཁབ་ཀྱི་གླེང་སྟེགས་ལམ་སྲོལ་ནང་གི་མཉམ་ལས་ཟབ་ཏུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་དང་མཉམ་ལས་ཀྱི་དྲ་རྒྱ་འཚོལ་ཞིབ་བྱས་ནས་འཛུགས་པ། རྒྱལ་ཁབ་ཁག་གི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ་འཛམ་གླིང་གི་ཤེས་དཔལ་མི་འདྲ་བ་དེ་ཀྲུང་གོ་གཟི་ཚ་སྡེ་དགུའི་ཚོན་ཁྲ་ཅན་གྱི་རྫིང་བུ་དང་ཕེ་རུའི་མཱ་ལ་སིའི་སྐས་ཞིང་ལྟར་ཚོན་མདོག་རྣམ་པར་བཀྲ་བ་དང་དབྱིབས་གཟུགས་མི་འདྲ་ནའང་ཕན་ཚུན་འོད་མདངས་འཕྲོ་བ་དང་ཕན་ཚུན་སྤེལ་རེས་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་འགྲོ་བའི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

2008ལོ་དང་2016ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་ཐེངས་གཉིས་འཚོགས་རྗེས་ཕེ་རུས་ཚོགས་འདུ་གལ་ཆེན་དེ་གཙོ་གཉེར་ཐེངས་གསུམ་བྱས་པ་རེད། ཚོགས་འདུ་ཐེངས་གསུམ་པའི་གཙོ་དོན་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་འཕེལ་རྒྱས་ཀྱི་ཁས་ལེན་གསར་པ་ནས་སྤུས་ཚད་མཐོ་བའི་ངང་འཕར་བ་དང་མིའི་རིགས་ཀྱི་འཕེལ་རྒྱས་བར་དང་དེ་ནས་འདི་ལོའི་ནུས་པ་འདོན་པ་དང་། བསྟུན་མཁས། འཕར་བ་བཅས་བར་ཡིན་པས་ཕེ་རུ་ཕྱོགས་ཀྱིས་སྒོ་དབྱེའི་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་ཆོད་སེམས་གང་ལེགས་མངོན་ཡོད། སྒོ་དབྱེ་དང་། ཁོང་ཡངས། མཉམ་ལས་མཉམ་རྒྱལ་གྱི་ལི་མའི་གསུང་སྒྲ་ནུས་ལྡན་འདོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་ཀྱིས་ཚོགས་འདུ་གཉེར་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཕེ་རུ་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ཚོགས་འདུར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་མཉམ་ལས་ཁྲོད་ལི་མའི་བག་ཆགས་གསར་པ་འཇོག་པ་བཅས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་མགྱོགས་པོ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་སླར་ཡང་ལོ་རྒྱུས་ཀྱི་བཞི་མདོ་ཁར་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་དང་མཉམ་དུ་མིག་རྒྱང་རིང་པོ་མཐའ་འཁྱོངས་བྱས་ཏེ་ལོ་རྒྱུས་ཀྱི་དུས་འཁོར་རིང་མོ་ནས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་མོར་སྟངས་འཛིན་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་འདོད་ཡོད།

ལ་ཏིང་མེ་གླིང་གི་གྲོགས་པོས་བློ་སྟོབས་མེད་པའི་མི་ཞིག་གིས་ནམ་ཡང་རླབས་ཆེན་གྱི་བྱ་བ་བསྒྲུབ་མི་ཐུབ་ཅེས་རྟག་ཏུ་བརྗོད་ཀྱི་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་གྲོགས་པོ་ཚོ་དང་མཉམ་དུ་སེམས་པ་གཅིག་མཐུན་དང་འབད་བརྩོན་ལྷོད་མེད་ཀྱིས་ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་ཀྱི་གྲུ་གཟིངས་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་འདོད་ཡོད་པ་རེད།

(བསྟན་རྡོར་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-16 6 6 拉萨日报藏文 c191084.html 1 /enpproperty-->