ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཞབས་ཞུ་ལྟེ་གནས་ཀྱིས་དམངས་ཡོངས་ཀྱིས་མེ་ཟོན་ལ་སྔོན་འགོག་དང་ཚེ་སྲོག་བླ་ན་མེད་ཅེས་པའི་གཙོ་དོན་ལ་དམ་པོར་དམིགས་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སྤྱི་པའི་འདུ་གནས་དང་རྣམ་གྲངས་སྤེལ་ཡུལ་དུ་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བཏོད་ཡོད།
སྤྱི་པའི་འདུ་གནས་སུ་སྐྱོད་པ་ཞེས་པའི་ལྷུ་ཚིགས་གལ་ཆེན་དེར་ལྟེ་གནས་དེའི་ལས་དོན་པས་ངང་རྒྱུད་རིང་པོའི་སྒོ་ནས་གྲོང་མི་མང་ཚོགས་ལ་མེ་དང་། གློག སོལ་རླངས་བཅས་སྤྱོད་པའི་ཤེས་བྱ་སྣ་ཚོགས་ལ་འགྲེལ་བཤད་བརྒྱབ་པར་མ་ཟད། མེ་སྐྱོན་ཐོག་མར་སེལ་བའི་ཐབས་རྩལ་དང་རང་སྐྱོབ་བྱ་ཐབས་གཙོ་གནད་དུ་བརྒྱུད་ཁྲིད་བྱས་པ་རེད། ད་དུང་ཡུལ་མི་རྣམས་ལ་དྲན་སྐུལ་བྱས་དོན། ཕྱི་ལ་འགྲོ་སྐབས་ངེས་པར་དུ་ཁང་པའི་ནང་གི་གློག་ཆས་དང་གློག་སྐུད་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་གློག་སྒོ་རྒྱག་པ་དང་འབར་རླངས་བཀག་མིན་སོགས་ལ་ཞིབ་བཤེར་བྱེད་དགོས། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དེ་དག་མི་སེམས་ལ་གཏིང་ཟབ་ཟུག་ཆེད། ལས་དོན་པས་ཡུལ་དངོས་སུ་མེ་ཟོན་གློག་སྤྱོད་བདེ་འཇགས་ཀྱི་ཤེས་བྱའི་དྲིལ་བསྒྲགས་དེབ་250དང་། མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྔོན་འགོག་བྱེད་པའི་ཤེས་བྱ་ཆུང་གྲས་སོགས་སྤྲད་པ་རེད། ཡུལ་མི་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ད་རེས་ཀྱི་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་ཧ་ཅང་ཡག་པོ་འདུག་ལ་དེབ་ཆུང་དེ་དག་ཀྱང་སྤྱོད་གོ་ཧ་ཅང་ཆེན་པོ་འདུག་ཅེས་བཤད།
དེ་རྗེས་རྣམ་གྲངས་དངོས་སུ་་སྤེལ་བའི་ལྷུ་ཚིགས་ནང། ལས་དོན་པས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མེ་ཟོན་བྱ་ཐབས་ལ་གསལ་འགྲེལ་བྱས་པ་རེད། དོན་ཟབ་ལ་གོ་བདེ་བའི་འགྲེལ་བཤད་བརྒྱབ་པ་བརྒྱུད་ཨར་སྐྲུན་མི་སྣའི་བདེ་འཇགས་ཀྱི་འདུ་ཤེས་དང་མེ་ཟོན་གྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་ཁོང་ཚོར་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དོགས་ཟོན་རྒྱུན་འཁྱོངས་ཐུབ་པ་དང་།ཉེན་ཟོན་དྲིལ་བརྡ་རྟག་ཏུ་བཏང་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་བཀག་འགོག་བྱས་ཡོད།
ཐེངས་འདིའི་ནང་དོན་ཕུན་སུམ་ཚོགས་པ་དང་བྱ་ཐབས་མང་བའི་དྲིལ་བསྒྲགས་ཀྱི་བྱེད་སྒོ་བརྒྱུད། གྲོང་མི་དང་བྱེད་སྒོའི་ནང་ཞུགས་མཁན་རྣམས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད་པ་རེད། ཁོང་ཚོས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱར་ཤེས་རྟོགས་དེ་བས་ཟབ་མོ་བྱུང་བར་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་འཕྲད་སྐབས་ཁོང་ཚོའི་རང་སྐྱོབ་དང་མངོན་མེད་རྐྱེན་ངན་སེལ་བའི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社