(པར་ངོས་གཉིས་པར་མཐུད)ལས་དོན་པར་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་བྱས་ཏེ་དྲོད་རླངས་མཁོ་འདོན་བྱེད་རིང་སྒྲིག་ཆས་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།
གཞན་ཡང་། ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་ད་དུང་གྲོང་མི་མིན་པའི་སོལ་རླངས་སྤྱོད་མཁན་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་སོལ་རླངས་ཀྱི་ཉེན་བརྡ་གཏོང་ཆས་རྒྱུན་གཏན་ཡིན་མིན་དང་། སོལ་རླངས་ལྕགས་མདོང་གི་མཐུད་ཁུང་ཁག་ནས་སོལ་རླངས་ཐོན་མིན། བླང་བྱ་དང་མཐུན་པའི་སྙི་སྦུག་རིགས་བེད་སྤྱོད་བྱས་མིན། སོལ་རླངས་ཀྱི་ལྕགས་མདོང་རང་དགར་བཟོ་བཅོས་བརྒྱབ་མིན་སོགས་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་པ་རེད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གྲོང་མི་མིན་པའི་དུད་ཚང་733ཡོད་པ་དང་། ད་ལྟའི་བར་བདེ་འཇགས་ཞིབ་བཤེར་ཐེངས་1574བྱས་པར་མི་མངོན་པའི་རྐྱེན་ངན་30ཤེས་རྟོགས་བྱུང་བ་དེའི་ནང་གཙོ་བོ་སོལ་རླངས་ལྕགས་མདོང་གི་རུལ་འགོག་བཀྲག་རྩི་ལྷུང་བ་དང་། ཐབ་ཀའི་སྦུ་གུ་མཐུད་སྦྱོར་ཚད་ལྡན་མེད་པ། ཐབ་ཀའི་མདུན་གྱི་སྟེམ་སྒོ་ནས་སོལ་རླངས་ཤོར་བ། ཉེན་གཏོང་ཡོ་ཆས་ལ་སྐྱོན་ཤོར་བ་སོགས་རེད། དེ་དག་ཚང་མ་བཅོས་སྒྲིག་ཟིན་ནས་སོལ་རླངས་སྤྱོད་པའི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད།
དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་རིང་ཀུང་སི་དེས་བདེ་འཇགས་ཞིབ་བཤེར་དང་བདེ་འཇགས་ངང་སོལ་རླངས་སྤྱོད་པའི་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་སུ་སོལ་རླངས་སྤྱོད་མཁན་ལ་དེ་བས་སྙིང་ཉེ་ཞིང་ཕན་ཐོགས་ཆེ་བའི་ཞབས་འདེགས་ཞུ་རྒྱུའི་འགན་ལེན་བྱ་རྒྱུ་རེད། ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་སྤྱོད་དུད་ཞབས་ཞུ་པུའི་ཅིང་ལི་གཞོན་པ་ཀུང་ཞུའེ་ཚུའེ་ཡིས་འདིར་རྒྱ་ཆེའི་རང་བྱུང་སོལ་རླངས་སྤྱོད་མཁན་ཚོར་རང་བྱུང་སོལ་རླངས་ཀྱི་སྒྲིག་ཆས་སྤྱད་ནས་དྲོད་ལེན་སྐབས་སྒེའུ་ཁུང་ཕྱེ་བའམ་ཡང་ན་རླུང་འགྲོའི་སྒྲིག་ཆས་འོས་འཚམ་སྤྱད་ནས་ཁང་པའི་ནང་གི་རླུང་འགྲོ་ཡག་པོ་ཡོང་བར་བྱེད་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན། ལྷག་པར་དུ་བྱིས་པ་དང་རྒན་པར་གསལ་འདེབས་བྱེད་དགོས་པ་ཞིག་ནི་གལ་ཏེ་འབར་རླངས་ཕྱིར་ཤོར་བ་སྟེ། དཔེར་ན་དྲི་ངན་པའི་བྱ་སྒོང་གི་དྲི་མ་ཚོར་ན། མྱུར་དུ་འབར་རླངས་ཀྱི་བཀག་སྒོ་རྒྱག་དགོས་པ་དང་། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཏུ་འཇུག་དགོས་པར་མ་ཟད། ཡུལ་དངོས་དང་ཁ་བྲལ་ཏེ་ཕྱི་རོལ་གྱི་བདེ་འཇཊ་ས་ཆར་སོང་ནས་སེམས་དྲོད་ཀུང་སིའི་ཆུ་ཚོད་24ཡི་ཞབས་ཞུའི་ཐད་སྦྲེལ་ཁ་པར་96188ལ་ཁ་པར་རྒྱག་དགོས་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社