(པར་ངོས་དང་པོར་མཐུད)
ཆེད་དོན་ཚོགས་འདུའི་ཐོག་ཝང་ཆང་གིས་ཆུ་རྒྱུད་ཀྱི་འབྲེལ་ཡོད་ལས་དོན་སྙན་ཞུ་ཞིབ་ཕྲ་གསན་པ་དང་ཆུ་རྒྱུད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་བཏོན་གནང་ཡོད།
ཝང་ཆང་གིས།གྲོང་ཁྱེར་གྱི་ཆུ་རྒྱུད་ནི་གྲོང་ཁྱེར་གྱི་ཁྲག་རྒྱུན་དང་བླ་སྲོག་ལྟ་བུ་ཡིན་པས།གྲོང་ཁྱེར་གྱི་ནུས་པའི་སྤུས་ཚད་དང་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་སྟབས།ལོ་རྒྱུས་དང་། བྱ་གཞག མི་དམངས་བཅས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་ཐོག་ནས་ཆུ་རྒྱུད་ལས་གྲྭའི་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱེད་དགོས། ཚན་རིག་དང་མཐུན་པའི་ཇུས་འགོད་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་དགོས་པ།དེ་ཡང་དང་ཐོག་ཆུ་རྒྱུད་འཛུགས་སྐྲུན་བྱེད་པར་སྔོན་ལ་འཆར་འགོད་བཟོ་དགོས། ཆུ་རྒྱུད་ཀྱི་ཁ་ཕྱོགས་དང་ཆུ་རྒྱུག་ཚད་སོགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཆུ་འགོའི་འཁོར་རྒྱུག་ཁ་གསབ་དང་། དུས་མཇུག་གི་གཙང་བཤེར་དང་བདག་སྐྱོང་། མཐའ་འཁོར་གྱི་ཁོར་ཡུག་མཐུན་སྦྱོར་སོགས་ཀྱི་རྒྱུ་རྐྱེན་ལ་གཅིག་གྱུར་བསམ་གཞིགས་བྱས་ཏེ།ད་ཡོད་ཀྱི་ཇུས་གཞི་སླར་ཡང་འཐུས་ཚང་དང་ལེགས་སུ་གཏོང་བ་དང་། དུས་ཐོག་ཏུ་ཁ་གསབ་ཡག་པོ་རྒྱག་པ། རེ་རེ་བཞིན་དུ་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བཅས་བྱས་ནས་འཆར་འགོད་ཀྱི་ཇུས་གཞི་དེ་ལྷ་སའི་དོན་དངོས་དང་གྲོང་མི་ཚོའི་རེ་སྒུག་དང་མཐུན་པ་བྱེད་དགོས། གཉིས་པ་ལས་ཡུལ་དངོས་ལ་བརྟག་དཔྱད་དང་ལས་ཡུལ་དངོས་ལ་ལས་ཀ་བྱེད་དགོས། གོམ་པ་སྤོས་ནས་ཡུལ་དངོས་སུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་བྱས་ཏེ།གཙང་སེལ་བྱེད་དགོས་རིགས་གཙང་སེལ་དང་། ཉམས་གསོ་བྱེད་དགོས་རིགས་ཉམས་གསོ། བརྗེ་འཐེན་བྱེད་དགོས་རིགས་བརྗེ་འཐེན་བཅས་བྱས་ནས་འགག་རྩའི་གནས་ལ་དམ་པོར་དམིགས་པ་དང་། ལྷུ་ཚིགས་སྦྲེལ་མཐུད་ཡག་པོ་བྱེད་པ། ཁྱོན་ཡོངས་ཀྱི་ཕན་འབྲས་ཁོང་དུ་ཆུད་པ་བཅས་བྱས་ནས་དོན་འཁྱོལ་གྱི་ཕན་འབྲས་དང་འཆར་འགོད་ཀྱི་ཕན་འབྲས་གཅིག་གྱུར་ཡོང་བའི་འགན་ལེན་བྱས་ཏེ།ལྷ་སའི་ཆུ་རྒྱུད་སྔར་བས་ཕུན་སུམ་ཚོགས་པ་དང་གསོན་ཤུགས་ལྡན་པ་བྱེད་དགོས། གསུམ་པ་ཨར་ལས་ཞིབ་ཚགས་དང་བཟོ་རྩལ་གལ་ཆེན་པོར་འཛིན་དགོས། ཕར་ཆིན་རྒྱག་པ་ལྟ་བུའི་སྙིང་རུས་ལ་བརྟེན་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ས་མཐོའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་རིམ་ལེགས་སུ་གཏོང་བ་དང་། བཟོ་རྩལ་ཆུ་ཚད་མཐོ་རུ་གཏོང་བ། ལྷུ་ཚིགས་ཚང་མར་སྣང་ཆེན་བཅས་བྱས་ཏེ་ཞིབ་ཚགས་དང་། སྤུས་ལེགས།རྩེར་སོན།མཛེས་པོ་བཅས་ཡོང་བའི་བསམ་བློའི་སྐུལ་ལོངས་ཀྱི་ཐོག་ནས་ཆུ་རྒྱུད་འཛུགས་སྐྲུན་ཡག་པོ་བྱེད་དགོས། བཞི་པ་འགན་འཁྲི་ལག་བསྟར་དང་ལྟ་སྐུལ་དོ་དམ་ནན་པོ་བྱེད་དགོས། ཆུ་བེད་དང་། ནགས་ཚལ། རྩྭ་རྩི་ཤིང་། སྡོད་ཁང་འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ལས་རིགས་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཏེ།རང་སོ་སོའི་འགན་འཁྲི་གསལ་པོ་བཟོ་བ་དང་། ཇུས་འགོད་དང་། ཨར་སྐྲུན། ཞིབ་བཤེར་རྩིས་ལེན། འཁོར་སྐྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེགས་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་དང་། ལས་ཆོད། སྤྱོད་གཙང་བཅས་ཀྱི་འགག་སྒོ་ཡག་པོ་སྲུང་བ། ལས་གྲྭའི་སྤུས་ཚད་དང་། འཕེལ་རིམ།ཕན་འབྲས་བཅས་ལ་འགན་ལེན་ཏན་ཏིག་བཅས་བྱས་ནས་ཆུ་རྒྱུད་ལས་གྲྭ་དེ་ལོ་རྒྱུས་དང་མི་དམངས་ཀྱིས་ཞིབ་བཤེར་ཐུབ་པའི་སྤུས་ལེགས་ལས་གྲྭ་ཞིག་ཏུ་སྐྲུན་ཐུབ་པ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ལི་ཅང་ཤིན་དང་། གྲོང་སྤྱི་གཞོན་པ་ལུའུ་ཚུང་ཧྥུ་དང་བློ་གསལ། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་ལུའུ་ཝུན་ཀྲུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社