ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་འགོ་ཚུགས་པ་ནས་བཟུང་། ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱིས་བོད་ལྗོངས་དང་། ལྷ་ས། སི་ཁྲོན། ཁྲེང་ཏུའུ་བཅས་ཀྱི་ས་གནས་གཉིས་དང་ཕྱོགས་བཞིའི་གཞི་རིམ་ཏང་རྩ་འཛུགས་མཉམ་སྐྲུན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱི་མི་མིན་པའི་བསམ་བློ་དང་། ཟུར་ནས་ལྟ་མཁན་མི་བྱེད་པའི་རང་རྟོགས། མིག་མངས་འགྲིག་སྐོར་གཅིག་གི་བྱ་སྤྱོད་བཅས་ལ་བརྟེན་ནས་མི་ཚང་མ་ཏང་འཛུགས་སྐྱོང་གི་ཆ་སྒྲིག་མཉམ་སྐྲུན་ཚན་པའི་གཞི་རིམ་བཅོས་སྐྱོང་གི་ལས་དོན་ནང་ཞུགས་པ་དང་མཉམ་འདྲེས་གཏིང་ཟབ་བྱས་ཐོག བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ། གཞི་རིམ་བཅོས་སྐྱོང་གི་དཀའ་གནད་སེལ་བ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བས་ཕན་འབྲས་དངོས་ཐོན་ཡོད།
ཉེ་བའི་ལོ་ཤས་རིང་། ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱིས་ཕྱོགས་མིའི་ཏང་ཡོན་གྱི་འཐུས་མི་རྒྱུན་མཐུད་ངང་སྒྲིག་འཛུགས་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་ལ་དམིགས་པ་དང་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་ས་གནས་ས་ཐོག་ཚོགས་འདུའི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།ཉེ་དུས་ཕྱོཊ་མིའི་ཏང་རྩ་འཛུཊ་དང་ཏང་འཛུགས་སྐྱོང་གི་ཆ་སྒྲིག་མཉམ་སྐྲུན་ཚན་པ་བཀོད་སྒྲིག་བྱས་ནས་ཐུན་མོང་ཐོག་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འབྲེལ་ཡོད་ལས་དོན་སྤེལ་བ་རེད།
ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་གསར་པ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ། མཉམ་སྐྲུན་དང་མཉམ་བཅོས་རྒྱུན་གཏན་གྱི་འཚོ་བའི་ནང་འཇགས་པ་དང་། རྒྱུན་གཏན་ནས་དམ་འཛིན་བྱེད་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཡོད། ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ལྷ་ཀླུ་སྡེ་ཁུལ་ནི་ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཆུང་ལའེ་ཏང་དོན་སྤྱི་ཁྱབ་ཀྲི་པུའི་ཏང་འཛུགས་སྐྱོང་གི་ཆ་སྒྲིག་མཉམ་སྐྲུན་ཚན་པ་ཞིག་ཡིན་པ་དང་། ཆ་སྒྲིག་བྱས་པ་ནས་བཟུང་། ཏང་ཨུད་ཀྱི་ཧྲུའུ་ཅིའི་གདན་ཞུས་ལྟར་ཀུན་བདེ་གླིང་ཁྲོམ་གཞུང་གིས་ལས་དོན་ཨུ་ལྷན་ཆེན་མོའི་ཨུ་ཡོན་གྱི་འགན་ཁུར་བ་དང་། ཕྱོགས་མིའི་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་དེ་འབྱོར་ཐོ་གཉིས་འགོད་པའི་ཏང་ཡོན་གྱི་དང་བླངས་ཞབས་ཞུ་ཧུར་ཐག་སྤེལ་བར་མ་ཟད། རྣམ་གྲངས་རོགས་སྐྲུན་སོགས་ཀྱི་བྱ་ཐབས་ཀྱང་སྤྱད་ཡོད། སྔ་རྗེས་སུ་མ་དངུལ་གྲབས་གསོག་བྱས་ནས་ལྷ་ཀླུ་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་སྐྲུན་རོགས་དང་། སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་བྱ་ཡུལ་གྱི་སྒྲིག་ཆས་མཐོ་རུ་གཏོང་རོགས། སྡེ་ཁུལ་དང་མཉམ་དུ་གློག་སྐུད་ཟང་ཟིང་བཅོས་སྒྲིག་དང་འགྲོ་ལམ་མཁྲེགས་གྱུར་སོགས་ཀྱི་ལས་དོན་སྤེལ་རོགས་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་དེ་བས་ལེགས་པ་དང་མང་ཚོགས་ཀྱི་སྐྱིད་སྣང་དེ་བས་དོད་དུ་བཏང་ཡོད།
ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ལྷ་ཀླུ་སྡེ་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་ཝང་ཡུང་གིས། ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཆུང་ལའེ་ཏང་སྤྱི་ཁྱབ་ཀྲི་པུའུ་དང་ལྷ་ཀླུ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་གཉིས་ཀྱིས་ཐུན་མོང་ཐོག་རོགས་སྐྱོར་དང་མཉམ་སྐྲུན་བྱས་ཚུན་དང་། ལྷག་པར་དུ་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་རིང་། སྡེ་ཁུལ་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་མང་པོ་བསྒྲུབས་ནས་ཏང་ཡོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་སྤེལ་བྱས་པར་མང་ཚོགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་ཅེས་བཤད།
ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་བཙུགས་པ་ནས་བཟུང་། སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་བ་དང་། ཡུལ་མིར་ཞབས་འདེགས་ཞུ་བ་དང་ཡུལ་གཞན་དུ་འཛུགས་སྐྲུན་བྱེད་པར་མཉམ་དུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས། བོད་ལྗོངས་སུ་ཡོད་པའི་རྒྱ་ཆེའི་ཕྱོགས་མིའི་ཏང་ཡོན་དང་བོད་ལྗོངས་སུ་ལས་གཏོད་ཚོང་གཉེར་བྱེད་མཁན་གྱིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཁྲིད་སྟོན་བྱས་ཡོད། མིག་སྔར། ཁྲེང་ཏུའུ་ནས་ཡིན་པའི་ཕྱོགས་མིའི་ཏང་ཡོན་གྱིས་ལྷ་སར་རིགས་ཁག་གི་ཁེ་ལས་150ལྷག་ཙམ་སྣེ་ཁྲིད་དེ་གཉེར་ཡོད་ཅིང་། ལོ་རེར་འཇལ་བའི་ཁྲལ་འབོར་སྒོར་དུང་ཕྱུར་1.5ལས་བརྒལ་ཏེ། ས་གནས་དེ་གའི་མང་ཚོགས་ཁྲི་ལ་ཉེ་བ་ལས་ཞུགས་ཐུབ་ཡོད།
2019ལོར་བོད་རིགས་ཀྱི་སློབ་ཆེན་སློབ་མ་རིན་ཆེན་ཁྲེང་ཏུའུ་ནས་ཡིན་པའི་ཕྱོགས་མིའི་ཏང་ཡོན་གྱིས་ལྷ་སར་བཙུགས་པའི་འཛུགས་སྐྲུན་ངལ་ནུས་ཀུང་སི་ཞིག་ཏུ་ལས་ཞུགས་བྱས་ནས་ནོར་དོན་གྱི་ལས་ཀའི་ཐད་གཞོལ་ཡོད། མ་གཞི་སློབ་ཆེན་གྱི་ཆེད་ལས་དང་དོན་དངོས་ཀྱི་ལས་ཀ་གཉིས་འཚམ་པོ་དེ་ཙམ་མེད་ནའང་། ལོ་ལྔའི་རིང་། ཀུང་སིའི་འགན་འཁུར་བ་དང་ལས་རོགས་ཚོའི་ཐུགས་ཁུར་དང་རོགས་རམ་འོག རིན་ཆེན་རིམ་བཞིན་ལས་གནས་དེར་གོམས་ནས་ནོར་དོན་ལས་དོན་བྱང་ཆུབ་པོར་ཁོང་དུ་ཆུད་དེ།ཁེ་ལས་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། རིན་ཆེན་གྱིས། ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་དང་ཧུའེ་ཅིན་ཡོན་ཀྲི་པུས་ང་ལ་སྟེགས་བུ་ཡག་པོ་དེ་འདྲ་ཞིག་མཁོ་འདོན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་གཅེས་འཛིན་ཆེན་པོ་བྱས་ཏེ། རང་ནུས་འདོན་སྤེལ་ཧུར་ཐག་བྱས་ནས་ལྷ་སའི་འཕེལ་རྒྱས་ཀྱི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社