分享按钮

2027ལོར་རང་རྒྱལ་གྱི་འགྲིམ་འགྲུལ་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་ཕྱིན་ནས་སྤུས་འབྲས་ ལེགས་གཉེར་ངང་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《འགྲིམ་འགྲུལ་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་དང་། སྤུས་ཚད་མཐོ་རུ། ལས་ཆོད་མཐོ་རུ་བཅས་གཏོང་བའི་བྱ་སྤྱོད་འཆར་གཞི》པར་འགྲེམས་བྱས་ནས་2027ལོར་སླེབས་སྐབས་འགྲིམ་འགྲུལ་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་དང་། སྤུས་ཚད་མཐོ་རུ། ལས་ཆོད་མཐོ་རུ་བཅས་ཕྱིན་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུ་དང་། སྤྱི་ཚོགས་ཟོག་འགྲེམས་ཀྱི་སྤྱིའི་འགྲོ་གྲོན་དང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་བརྒྱ་ཆ་13.5ཙམ་བར་དམའ་རུ་གཏོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འགྲིམ་འགྲུལ་ཟོག་འགྲེམས་ལ་སྔོན་ཁྲིད་རང་བཞིན་དང་། རྨང་གཞིའི་རང་བཞིན། འགན་ལེན་རང་བཞིན་བཅས་ཀྱི་ནུས་པ་ལྡན་ཡོད། བྱ་སྤྱོད་འཆར་གཞིའི་ནང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་བསྐྲུན་རྒྱུ་དང་། སྐྱེལ་འདྲེན་གྱི་གྲུབ་ཆ་ལེགས་སྒྲིག་དང་། ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། འགྲིམ་འགྲུལ་ཟོག་འགྲེམས་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་ཁག་18བཏོན་ཡོད་པ་དེའི་དམིགས་ཡུལ་ནི་འགྲིམ་འགྲུལ་ཟོག་འགྲེམས་ཀྱི་གྲུབ་ཆའི་རང་བཞིན་དང་། བརྒྱུད་རིམ་གྱི་རང་བཞིན། ལམ་ལུགས་ཀྱི་རང་བཞིན། ལག་རྩལ་གྱི་རང་བཞིན། ཕྱོགས་བསྡུས་ཀྱི་རང་བཞིན། གཉེར་སྐྱོང་གི་རང་བཞིན་བཅས་ཀྱི་མ་གནས་དམའ་རུ་དང་། སྤུས་ཚད་མཐོ་རུ། ལས་ཆོད་མཐོ་རུ་བཅས་གཏོང་རྒྱུ་མགྱོགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད་ཡིན་པ་རེད།

བྱ་སྤྱོད་འཆར་གཞིའི་བླང་བྱ་གཞིར་བཟུང་། 2027ལོར། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་གཙོ་བོ་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་སྦྲེལ་གསབ་མཐུད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། སྐྱེལ་འདྲེན་གྱི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་དེ་2023ལོ་ལས་བརྒྱ་ཆ་10ཙམ་འཕར་རྒྱུ། གྲུ་ཁའི་དོས་སྒམ་ལྕགས་ལམ་དང་ཆུ་ཐོག་དབོར་འདྲེན་བྱེད་ཚད་དེ་ལོ་རེར་ཆ་སྙོམས་བརྒྱ་ཆ་15ཙམ་འཕར་རྒྱུ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྒྱུར་བཅོས་སོགས་ལ་ཚད་བརྒལ་གལ་ཆེན་པོ་ཡོང་བ་བྱ་རྒྱུ། སྣ་མང་མཉམ་འདྲེན་གྱི་རྐྱང་གཅིག་ལམ་ལུགས་དང་སྒམ་གཅིག་ལམ་ལུགས་ཞེས་པ་མགྱོགས་མྱུར་ཁྱབ་གདལ་བཏང་སྟེ། ཟོག་འདྲེན་རྩ་འཛུགས་ཀྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་གཏོང་རྒྱུ་དང་། རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ། འགྲིམ་འགྲུལ་ཟོག་འགྲེམས་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་གཏོང་རྒྱུ་བཅས་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190999.html 1 2027ལོར་རང་རྒྱལ་གྱི་འགྲིམ་འགྲུལ་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་ཕྱིན་ནས་སྤུས་འབྲས་ ལེགས་གཉེར་ངང་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུ་ཡིན་པ། /enpproperty-->