分享按钮

མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས《བླ་མ་མ་ཎིའི》འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་འཕྲིན་ལས་ཀྱིས་དགེ་ཕྲུག་བསྡུ་བའི་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས《བླ་མ་མ་ཎི》གཞས་མ་གཏམ་གྱི་འཐུབ་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་འཕྲིན་ལས་ཀྱིས་དགེ་ཕྲུག་བསྡུ་བའི་མཛད་སྒོ་དེ་རང་སྐྱོང་ལྗོངས་མང་ཚོཊ་སྒྱུ་རྩལ་ཁང་དུ་འཚོགས་པ་རེད། དེ་ནི་བོད་ཀྱི་སྲོལ་རྒྱུན་གཞས་མ་གཏམ་གྱི་སྒྱུ་རྩལ་རྒྱུན་འཛིན་བྱས་པ་ཞིག་ཡིན་པར་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་བཏང་བ་ཞིག་ཀྱང་རེད།

ཐེངས་འདིའི་སློབ་མ་བསྡུ་བའི་མཛད་སྒོ་དེ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བ་ཞིག་ཡིན་ཞིང་། མི་མང་གི་བདེན་དཔང་འོག་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི(གཞས་མ་གཏམ་ཚོགས་པ)ཚེ་རིང་སྒྲོལ་དཀར་དངོས་སུ་འཕྲིན་ལས་ཀྱི་དགེ་ཕྲུག་ཏུ་གྱུར་པ་རེད། ཚེ་རིང་སྒྲོལ་དཀར་གྱིས་ང་ནི《བླ་མ་མ་ཎིའི》སྒྱུ་རྩལ་ལ་ཧ་ཅང་དགའ་པོ་ཡོད། ངས་དེར་སློབ་སྦྱོང་བྱས་ནས་ལོ་བཅུ་ལྷག་ཙམ་ཕྱིན་སོང་། དེའི་རིང་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་མྱོང་ཡོད། རིགས་གཅིག་མཁས་ཅན་གྱིས་ཁས་ལེན་དང་ལྕག་སྐུལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་བོད་ལྗོངས་སུ་མཚན་སྙན་གྲགས་ཧ་ཅང་ཆེ་བའི《བླ་མ་མ་ཎིའི》རྒྱུན་འཛིན་པ་དགེ་རྒན་འཕྲིན་ལས་ལགས་ཀྱི་དགེ་ཕྲུག་ཏུ་གྱུར་བར་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་ངས《བླ་མ་མ་ཎིའི》སྒྱུ་རྩལ་ལ་སློབ་སྦྱོང་ཡག་པོ་བྱས་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

2008ལོར། འཕྲིན་ལས་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས《བླ་མ་མ་ཎི》གཞས་མ་གཏམ་གྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པར་གྱུར་པ་རེད། ཤེས་རྟོཊ་བྱུང་བར་གཞིགས་ན། འཕྲིན་ལས་ནི་ལྷོ་ཁའི་ལྷོ་བྲག་ནས་ཡིན་ཞིང་། ཆུང་དུས་ནས་བཟུང་ཡབ་ཀྱི་གམ་ནས《བླ་མ་མ་ཎིར》སློབ་སྦྱོང་བྱེད་མཁན་ཁོང་ལ་ཕུལ་དུ་བྱུང་བའི་གཞས་མ་གཏམ་གྱི་རྩལ་ལྡན་ཡོད། ཐེངས་འདིའི་སློབ་མ་བསྡུ་བའི་མཛད་སྒོར་ཐུགས་ཤིན་ཏུ་དགྱེས་ཏེ་ཁོང་ལྷོ་ཁའི་ལྷོ་བྲག་ནས་ལྷ་སར་ཆེད་མངགས་ཡོང་ནས་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བཅངས་ཡོད་པ་རེད།

འཕྲིན་ལས་ཀྱིས་ཚེ་རིང་སྒྲོལ་དཀར་གྱི་གཞས་མ་གཏམ་གྱི་ནུས་པ་ཧ་ཅང་ཡག་པོ་འདུག ང་ལོ་ན་ཆེ་ཡང་ངས་རང་གིས་ཚེ་གང་རིང་སྦྱངས་པའི་ཡོན་ཏན་ཁོང་ལ་བསླབས་ངེས་ཡིན། ཁོང་གིས《བླ་མ་མ་ཎི》རྒྱུན་འཛིན་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

སློབ་མ་བསྡུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། འཕྲིན་ལས་ཀྱིས་སྒུག་ལོང་མེད་པར《བླ་མ་མ་ཎིའི》གསུང་རབ་ལས《པདྨ་འོད་འབར》གཞས་མ་གཏམ་འདོན་གནང་བ་རེད། དགུང་ལོ་85ལ་སླེབས་ཡོད་ཀྱང་སྐད་གསང་མཐོ་བའི་གཞས་གདངས་ལས་རྒན་རྒོན་ཁོང་གི་སྒྱུ་རྩལ་རྩེར་སོན་པ་རྟོགས་ཐུབ།

《བླ་མ་མ་ཎི》ནི་ཀྲུང་གོའི་བོད་རིགས་ཀྱི་འཆད་གྱེར་གྱི་སྒྱུ་རྩལ་ཞིག་ཡིན་པ་དང་། ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་སུ་དར་ཁྱབ་ཆེན་པོ་ཡོད། བོད་ཀྱི་ཆེས་གནའ་བོའི་དམངས་ཁྲོད་ཀྱི་གཞས་མ་གཏམ་སྒྱུ་རྩལ་གྱི་གྲས་ཤིག་ཡིན་ལ་ལྷ་མོ་དང་གཅིག་རྒྱུན་གཅིག་འཛིན་ཡིན། 2007ལོར《བླ་མ་མ་ཎི》ནི་རང་སྐྱོང་ལྗོངས་རིམ་པའི་ཁག་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་རྣམ་གྲངས་ཀྱི་མིང་གཞུང་ནང་བཅུག་ཡོད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190995.html 1 མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས《བླ་མ་མ་ཎིའི》འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་འཕྲིན་ལས་ཀྱིས་དགེ་ཕྲུག་བསྡུ་བའི་མཛད་སྒོ་འཚོགས་པ། /enpproperty-->