分享按钮

ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཚོང་ཁང་གཏོད་པའི་ཁྲོད་ཀྱི“11·11”ཉིན་གྱི་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་བྱེད་སྒོ་སྤེལ་བ།

(པར་ངོས་དང་པོར་མཐུད)པད་ཁའི་སྣུམ་སོགས་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ལྟ་བས་མི་ངོམ་པ་ཞིག་ཡོད། གྲོང་མིའི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་ཆེད། གྲོང་ཁྱེར་ཚོང་དོན་ཅུས་ཀྱིས“ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས”ཀྱི་ཁ་གསབ་བྱེད་སྒོ་ཆེད་མངགས་སྤེལ་ཞིང་། སྒོར་200ལོངས་ན་སྒོར་40ཉུང་དུ་གཏོང་བ་དང་། སྒོར་400ལོངས་ན་སྒོར་80ཉུང་དུ་གཏོང་བ། སྒོར་600ལོངས་ན་སྒོར་120ཉུང་དུ་གཏོང་བ། སྒོར་800ལོངས་ན་སྒོར་160ཉུང་དུ་གཏོང་བ་བཅས་བྱས་པས། གྲོང་མིའི་འཛད་སྤྱོད་ཀྱི་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད། ཡུལ་དངོས་སུ་འཛད་སྤྱོད་པས་རང་གི་བློ་ངོར་ཕྱིན་པའི་ཅ་དངོས་སྣ་ཚོགས་བདམས་ནས་ཉོ་བཞིན་ཡོད། “ལྷ་སའི་ཚོང་རྟགས་རྙིང་པ”ཡང་ད་ཐེངས་ཀྱི་བྱེད་སྒོའི་ནང་མཉམ་དུ་ཞུགས་ཡོད་པས་གྲོང་མི་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

བྱེད་སྒོར་ཞུགས་མཁན་ཚོང་པ་ཧུང་ཝུའེ་ཡིས། ད་ཐེངས་ཀྱི་བྱེད་སྒོའི་ནང་ཚོང་དུད་30ལྷག་ཙམ་ཞུགས་ཡོད་པ་དང་། ཚོང་ཁང་ཚང་མར་རང་ཉིད་ཀྱི་ཁྱད་ལྡན་ཐོན་རྫས་ཡོད། ངའི་ཚོང་ཁང་ནང་དྲི་ཞིམ་ཡི་ཙི་དང་ལག་ཤེས་ཁུག་མ་སོགས་ཡོད་པ་ཚང་མ་ནི་ང་ཚོའི་ཁྱིམ་གྱི་ཁྱད་ལྡན་ཐོན་རྫས་ཡིན་ལ། ཐོན་རྫས་ཚང་མར་དེ་མཚུངས་ཀྱི་གཟིགས་སྐྱོང་ཁ་གསབ་ཡོད་ཅེས་བཤད།

གྲོང་མི་སུའུ་ཀུའེ་རུང་གིས།“ལྷ་སའི་ཡོངས་བསྒྲགས”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ནས་བྱེད་སྒོ་དེ་མཐོང་བྱུང་། གཟའ་མཇུག་གི་སྐབས་དང་བསྟུན་ནས་ཕྲུ་གུ་ཁྲིད་དེ་འདི་གར་ཡོང་བ་ཡིན། ཅ་དངོས་ཧ་ཅང་ཕུན་སུམ་ཚོགས་ལ་ཕན་ཐོགས་པོ་ཡོད་པར་མ་ཟད། ད་དུང་ཡུལ་དངོས་སུ་བྱེད་སྒོ་སྣ་ཚོགས་ནང་ཞུགས་ཐུབ་པས། སླད་ཕྱིན་བྱེད་སྒོ་འདི་འདྲ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

བྱེད་སྒོའི་ནང་། ད་དུང“མི་རིགས་མཐུན་སྒྲིལ་གྱི་ཡུལ་སྐོར་ཟིན་ཐོའི”རིག་གནས་ཀྱི་ཉམས་ལེན་རྣམ་གྲངས་སྣ་ཚོགས་བཀོད་སྒྲིག་བྱས་ནས། གྲོང་མི་དང་ཡུལ་སྐོར་བ་དང་། ལྷག་པར་དུ་གྲོགས་པོ་ཆུང་ཆུང་ཚོར་ཡུལ་དངོས་སུ་ཉམས་ལེན་བྱ་རྒྱུར་སྤྲད་དེ་མི་རིགས་ཁག་དབར་གྱི་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ཡོད།“མི་རིགས་མཐུན་སྒྲིལ་གྱི་ཡུལ་སྐོར་ཟིན་ཐོའི”ཉམས་ལེན་བྱས་ཟིན་པའི་གྲོང་མི་དང་ཡུལ་སྐོར་བས་ཉིན་དེ་རང་གི་ཡུལ་དངོས་ཀྱི་འཛད་སྤྱོད་དཔང་འཛིན་ཁྱེར་ནས་ད་དུང་རྒྱན་ཤོག་འཐེན་པའི་ནང་ཞུགས་ཆོག་ཅིང་། གློག་སྒུལ་རྐང་འཁོར་དང་།“ལྷ་སའི་ཅ་དངོས་སྤུས་དག”གི་ཆེད་སྤྱོད་འཛད་སྤྱོད་འཛིན་ཤོག་སོགས་ཐོབ་པའི་གོ་སྐབས་ཡོད་པས། བྱེད་སྒོར་ཞུགས་མཁན་ཚང་མ་བློ་ཡིད་ཚིམ་པོའི་ངང་ལོག་ཆོག་གི་ཡོད།

གྲོང་མི་ཏོའུ་ལིན་ཤིན་གྱིས་གསར་འགོད་པར། བྱེད་སྒོ་སྤེལ་བའི་ཉིན་དེར་ཚོང་ར་ནས་སྒོར་6000འཛད་སྤྱོད་བྱས་པ་ཡིན། གཟིགས་སྐྱོང་ཁ་གསབ་ཡོད་པས་འཛད་སྤྱོད་བྱེད་རིན་ཆོག་པ་ཞིག་ཡོད་ཅེས་བཤད་པ་དང་། ཁོང་གིས་ང་འདི་གར་བྱ་སྤུའི་གྱོན་ཆས་ཉོ་བར་ཡོང་བ་ཡིན། ཚོང་རའི་རིན་གོང་གཅོག་ཤུགས་ཆེན་པོ་འདུག ད་དུང་འཛད་སྤྱོད་བྱས་ཟིན་པའི་སྤ་སེ་ཁྱེར་ནས་བྱ་དགའ་འཐེན་པའི་ནང་ཞུཊ་ཆོག་གི་ཡོད། དགའ་འོས་པ་ཞིག་ལ་ང་ལ་སྟེས་དབང་སྟབས་ལེཊ་ངང་བྱ་དགའ་བཞི་ཐོབ་བྱུང་། སྤྱི་ཡོངས་ནས་བརྗོད་ན་ད་ཐེངས་ཀྱི་དངོས་ཟོག་ཉོ་སྒྲུབ་ཐད་བློ་ཡིད་ཚིམ་པོ་བྱུང་ཞེས་བཤད།

གྲོང་མི་ཝང་ཡ་ལིང་གིས། ང་ཕྲུ་གུ་ཁྲིད་ནས་ཡོང་བ་ཡིན། ང་ཚོས་གདོང་རིས་བྲིས་ཤིང་གནམ་གྲུའི་དཔེ་དབྱིབས་བཟོས་པར་མ་ཟད། རང་ཉིད་ཀྱི་བློ་ལ་ཕྱིན་པའི་ཅ་དངོས་ཀྱང་ཉོས་པ་ཡིན། ཕྲུ་གུ་ཧ་ཅང་དགའ་པོ་བྱུང་སོང་ཞེས་བཤད།

ད་ཐེངས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཚོང་ཁང་གཏོད་པའི་ཁྲོད་ཀྱི“ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན”གྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་བ་དེས་ཚོང་ལས་བྱེད་སྒོ་དང་། མི་རིགས་ཀྱི་རིག་གནས། མི་རིགས་མཐུན་སྒྲིལ་བཅས་དབར་ཟུང་འབྲེལ་ལེགས་པར་བྱས་ཡོད། དེས་ཚོང་ཁང་གི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ནུས་པ་ཆེ་རུ་ཕྱིན་པ་དང་། ཚོང་ཟོག་ཕྱིར་ཚོང་ལ་སྐུལ་མ་ཐེབས་པར་མ་ཟད། མི་རིགས་ཁག་ཐུན་མོང་ཐོག་ཞུགས་པ་དང་མཐུན་སྒྲིལ་ཞི་མཐུན་གྱི་རྣམ་པ་བཟང་པོ་ཞིག་ཀྱང་བཏོད་ཡོད། བྱེད་སྒོ་སྤེལ་རིང་། ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་གྱི་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་480ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆ་15འཕར་བ་དང་། དུས་མཚུངས་ལས་བརྒྱ་ཆ་8འཕར་ཡོད། གཞན་ཡང་། བྱེད་སྒོ་སྤེལ་རིང་ད་དུང“རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པར་ང་ཡིས་འབད”ཅེས་པའི་རིམ་སྤེལ་ཤེས་བྱའི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་དམིགས་སུ་བཀར་ནས་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་མང་ཚོགས་རྣམས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པར་བྱེད་པའི་གྲོས་གཞིར་གྲོས་བསྡུར་དང་བྱ་སྤྱོད་དངོས་ཀྱི་ཁྲོད་ཧུར་ཐག་ཞུགས་རྒྱུའི་སྐུལ་ལྕག་བྱས་ནས། གྲོང་མི་དེ་བས་མང་བས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྣེ་ཁྲིད་བྱས་པ་རེད།

གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏེང་ཝུན་ཧྲེང་གིས། ད་ཐེངས་ཀྱི་འཛད་སྤྱོད་སྐུལ་གཏོང་བྱེད་སྒོར་གྲོང་མི་ཞུགས་ཚད་ཧ་ཅང་མཐོན་པོ་ཡོད་ལ། བྱེད་སྒོའི་ཕན་འབྲས་ཀྱང་ཡག་པོ་འདུག“ལྷ་སའི་ཅ་དངོས་སྤུས་དག”དང“ལྷ་སའི་ཚོང་རྟགས་རྙིང་པའི”ཐོན་རྫས་བྲིན་ཁ་རྒྱུག་པོ་འདུག བྱེད་སྒོ་མཇུག་འགྲིལ་རྗེས་ང་ཚོས་ཞན་ཆ་གསབ་སྟེ། བྱེད་སྒོ་དེ་རིགས་སྔར་བས་ཡག་པོ་སྤེལ་ཆེད་ཉམས་མྱོང་ཕྱོགས་བསྡོམས་བྱ་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 6 6 拉萨日报藏文 c190901.html 1 ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཚོང་ཁང་གཏོད་པའི་ཁྲོད་ཀྱི“11·11”ཉིན་གྱི་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་བྱེད་སྒོ་སྤེལ་བ། /enpproperty-->