分享按钮

ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྤོ་རྒྱུ་ཡིན་པ།

གྲོང་མིར་ཉོ་སྒྲུབ་བྱེད་སྟངས་མི་འདྲ་བ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གྲོང་ཁྱེར་འཕེལ་རྒྱས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་། ལྟེ་བའི་གྲོང་ཁུལ་གྱི་ལས་རིགས་ཀྱི་རྣམ་པ་མགྱོགས་མྱུར་ངང་ལེགས་སུ་གཏོང་བ། གཉེར་སྐྱོང་ཁྲོམ་རའི་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། ཚད་ལྡན་ཅན་དང་། བློ་གྲོས་ཅན། མི་གཤིས་ཅན་བཅས་ཀྱི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་གསར་པ་ཞིག་གཏོད་པ་བཅས་བྱ་ཆེད། ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དེ་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་གནས་སྤོ་བྱ་རྒྱུ་མ་ཟད། ཟླ་12ཚེས་12ཉིན་གཟབ་རྒྱས་ངང་ལས་གཉེར་འགོ་འཛུགས་རྒྱུ་རེད།

ཟླ་11ཚེས་11ཉིན།གསར་འགོད་པས་རྔ་ཆེན་ཁྲོམ་གཞུང་གི་བོད་ལྗོངས་སློབ་ཆེན་གྱི་དཀྱིལ་ལམ་དང་ལྷ་སྡིངས་ལམ་གྱི་སྦྲེལ་མཚམས་སུ་གནས་པའི་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྐྱོད་སྐབས། ཁྲོམ་རའི་ཁྲོམ་བཀྱག་ཁུལ་དུ་བཟོ་པས་ཁྲོམ་བཀྱག་ཞིབ་ཚགས་ངང་སྒྲིག་སྦྱོར་བྱེད་པ་དང་།རླུང་འགྲོའི་མ་ལག་གི་སྒྲིག་ཆས་ལ་ཚོད་ལྟ་ནན་པོ་བྱེད་པ། ཆུ་འབུད་སྒྲིག་ཆས་ཁུལ་དུ་བཟོ་པ་ཚོས་མདོང་ལམ་ལ་རེ་རེ་བཞིན་ཞིབ་བཤེར་ནན་ཏན་བྱས་ཏེ་ཆུ་འབུད་བདེ་བླག་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་པ་མཐོང་བྱུང་།

གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་འགན་འཁུར་བ་བསྟན་འཛིན་གཡུ་སྒྲོན་གྱིས།གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་27000ལྷག་ཙམ་ཟིན་པ་དང་།ཁྲོམ་བཀྱག་260ལྷག་ཙམ་ཡོད། ཁྱོན་A、B、Cབཅས་ཁུལ་གསུམ་ལ་དབྱེ་ཡོད་པ་སྟེ། Aཁུལ་ནི་གཙོ་བོ་ཤིང་འབྲས་དང་།སྔོ་ཚལ།ཤ་རིགས་སོས་པའི་ཁུལ་ཡིན་པ་དང་།Bཁུལ་ནི་འཁྱགས་ཟོག་དང་།ཆུ་ཐོན་རིགས་ཀྱི་སྡེབ་ཚོང་ཁུལ་ཡིན་པ། Cཁུལ་ནི་འཁྱག་མཛོད་ཡིན་པས་འཁྱགས་ཟོག་གསོག་ཉར་ཐད་སྤྱོད་ཀྱི་ཡོད་ཅེས་བཤད།

གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་སྒྲིག་བཀོད་སྒྲིག་སྦྱོར་དང་ས་ཁོངས་དབྱེ་སྟངས་སོགས་ཀྱི་ཐད་ལེགས་སུ་བཏང་བ་སྟེ། ཉོ་སྒྲུབ་ལམ་བུ་ཡངས་ཤིང་དཀར་ཆ་དོད་པ་དང་། ཁྲོམ་བཀྱག་བཀོད་སྒྲིག་གི་རིགས་དབྱེ་ཁ་གསལ་བ། འཆར་འགོད་ལུགས་མཐུན་དང་གྲལ་འགྲིག་པ་བཅས་ཡོད། ཁྲོམ་རའི་རིག་ནུས་ཅན་གྱི་དོ་དམ་གྱིས་སྔོན་ཐོན་གྱི་ཆ་འཕྲིན་ཅན་གྱི་ལག་རྩལ་ལ་བརྟེན་ནས་རིག་ནུས་རིམ་སྤོར་བྱུང་བ་དང་། ཐོན་རྫས་ཀྱི་འབྱུང་ཁུངས་རྩད་གཅོད་བྱས་པ་བརྒྱུད་འཛད་སྤྱོད་པས་ཚོང་ཟོག་གི་ཡོང་ཁུངས་སོགས་ཀྱི་ཆ་འཕྲིན་གསལ་པོ་ཤེས་ཐུབ། རིན་གོང་ལ་ལྟ་སྐུལ་ཚོད་འཛིན་བྱེད་པར་བརྟེན་ནས་རིན་གོང་ལུགས་མཐུན་དང་དྲང་གཞག་ཡོང་བར་འགན་ལེན་བྱས་ཡོད། སྤུས་ཚད་ཞིབ་དཔྱད་ཚད་ལེན་ལ་བརྟེན་ནས་ཚོང་ཟོག་ཁྲོམ་རར་འཛུལ་བ་ནས་ཁྲོམ་རར་ནས་ཕྱིར་ཐོན་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཚོད་འཛིན་ནན་པོ་བྱས་ཏེ།ཁྲོམ་རའི་སྒྲིག་ལམ་དང་དེ་བཞིན་གྲོང་མི་མང་ཚོགས་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་ལེན་ནུས་ལྡན་བྱས་ཡོད། གྲངས་གཞི་ཅན་གྱི་གཉེར་སྐྱོང་རྣམ་པ་ནི་ཚོང་པ་ཚོའི་ལས་རོགས་ནུས་ལྡན་ཞིག་ཡིན་པས།ཚོང་པས་ཚོང་ཟོག་གི་གྲུབ་ཆ་གནད་ལ་འཁེལ་བའི་ངང་ལེགས་སུ་གཏོང་རྒྱུར་རམ་འདེགས་ཐུབ་ནས་ཁྲོམ་རའི་བསྔགས་བརྗོད་ཆེ་རུ་ནུས་ལྡན་འགྲོ་ཐུབ། ཁྲོམ་རའི་ནང་ད་དུང་ཆེད་མངགས་ངལ་གསོ་རྒྱག་ཡུལ་བཙུགས་ཡོད་པ་དང་།མང་ཚོགས་ཀྱི་སྣ་མང་ཅན་གྱི་ཉོ་སྒྲུབ་དགོས་མཁོ་སྐོང་གང་ཐུབ་བྱེད་ཐུབ།

བདེ་འཇགས་འགན་ལེན་ཐད། གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རས་ཚོང་ཟོག་གི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། ལྷག་དོན་དུ་བཟའ་བཅའི་བདེ་འཇགས་ཐད་སྣང་ཆེན་བྱས་ནས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱས་ཡོད། བསྟན་འཛིན་གཡུ་སྒྲོན་གྱིས།ང་ཚོས་བཅའ་སྡོད་ཚོང་ཁང་ལ་ཚད་གཞི་ཅན་དང་། ཚད་ལྡན་ཅན། རིག་ནུས་ཅན་བཅས་ཀྱི་དོ་དམ་ལག་བསྟར་བྱེད་ཀྱི་ཡོད། ཚོང་ཁང(དེ་སྔའི་ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཚོང་ཁང)དུ་བཅའ་སྡོད་བྱས་ཚེ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ངེས་ཅན་ཡོད་ལ་ཁྲོམ་བཀྱག་གི་གྲོན་བསྡུའི་ཐད་ཀྱང་དེ་མཚུངས་ཀྱི་རིན་གོང་བཅག་གི་ཡོད། ཁྲོམ་ར་དེ་ཟླ་12པའི་ཟླ་དཀྱིལ་དུ་དངོས་སུ་ལས་འགོ་འཛུགས་རྒྱུ་ཡིན་ཞིང་། སྐབས་དེར་ང་ཚོས་ཁོར་ཡུག་བཟང་པོ་དང་རིག་ནུས་ཅན་གྱི་ཞབས་ཞུར་བརྟེན་ནས་གྲོང་མིར་ཉོ་སྒྲུབ་བྱེད་སྟངས་མི་འདྲ་བ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།

ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དེ་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྤོ་རྒྱུ་ཡིན་པ་དེས་ལྷ་སའི་གྲོང་ཁུལ་གཙོ་བོའི་ནུས་པ་ཁྱབ་ཚུལ་ལེགས་སུ་གཏོང་ཐུབ་པར་མ་ཟད། ད་དུང་འཛམ་གླིང་རིག་གནས་ཤུལ་བཞག་སྟེ་ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཁོར་ཡུག་ཀྱང་སྔར་བས་ལེགས་སུ་གཏོང་ཐུབ། གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དེ་གྲོང་མིའི་འཚོ་བའི་དངོས་ཟོག་ཉོ་སྒྲུབ་བྱེད་པའི་ཁྲོམ་ར་གལ་ཆེན་ཞིག་ཏུ་གྱུར་ནས་རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྤོ་རྒྱུ་ཡིན་པ། 6 6 拉萨日报藏文 c190898.html 1 གྲོང་མིར་ཉོ་སྒྲུབ་བྱེད་སྟངས་མི་འདྲ་བ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་པ། /enpproperty-->