分享按钮

བོད་སྨན་གྱི་སྨན་རྒྱུ་འཕང་མ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་གྱི་གན་ འཇོག་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།བོད་སྨན་གྱི་སྨན་རྒྱུ་འཕང་མ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་ལ་མིང་རྟགས་འགོད་པའི་མཛད་སྒོ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་འཚོགས་པ་རེད།ད་ཐེངས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་ལས་བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཐད་སླར་ཡང་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་ཡོད།སྨན་རྒྱུ་འཕང་མ་ནི་སྨན་སྤྱོད་ཀྱི་རིན་ཐང་གལ་ཆེན་ལྡན་པའི་རྩི་ཤིང་ཞིག་ཡིན་པའི་ངོས་ནས་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་གྲུབ་འབྲས་ཐོབ་པའི་སྒོ་ནས་ཞིབ་འཇུག་གསར་སྤེལ་དང་གཞན་སྒྱུར་བྱས་པ་དེས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྐྱེ་དངོས་སྨན་རྫས་ཞིབ་འཇུག་སུའོ་བོད་སྨན་ཐོན་ཁུངས་ཞིབ་འཇུག་ཚོགས་པས་ཐོག་མཐའ་བར་གསུམ་དུ་བོད་སྨན་ཐོན་ཁུངས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་གཞོལ་བཞིན་ཡོད་པ་དང་།ད་ཐེངས་ཀྱི་གཞན་སྒྱུར་གྱི་འཕང་མ་འདེབས་འཛུགས་ལག་རྩལ་ནི་ཚན་ཞིབ་ཚོགས་པས་ལོ་བཅུ་ལྷག་ཙམ་རིང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་།ལག་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་དེས་ཞིབ་འཇུག་ཚོགས་པའི་འབད་བརྩོན་དང་བློས་གཏོང་བྱས་པར་ནུས་ལྡན་གྱི་ལག་ལེན་དང་བཀོལ་སྤྱོད་མཚོན་གྱི་ཡོད་པ་རེད། ལག་རྩལ་དེ་སྤྱད་ནས་འཕང་མའི་ཐོན་ཚད་དང་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནད་ཐོག་སྨན་བཅོས་ཀྱི་བེད་སྤྱོད་ལ་དེ་བས་བརྟན་ལ་བློས་འགེལ་ཆོག་པའི་སྨན་རྒྱུའི་ཡོང་ཁུངས་མཁོ་འདོན་ཐུབ་རྒྱུ་རེད། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་བོད་སྨན་སྨན་སྤྱོད་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་གཙོ་བཅོས་སྨན་པ་དཀའ་བཅུ་པ་བསམ་སྐྱིད་དོན་གྲུབ་ཀྱིས།གསར་འགོད་པར་སྨན་རྒྱུ་དེར་བོད་སྨན་རིག་པའི་ནང་འཕང་མ་ཞེས་འབོད་ཀྱི་ཡོད།དེ་ནི་རྒྱུན་སྤྱོད་ཀྱི་བོད་སྨན་སྨན་རྒྱུ་ཞིག་ཡིན། འབྲས་བུ་སྨན་དུ་བླུགས་ཚེ་སྙིང་ཁམས་ཀྱི་ནད་དང་མོ་ནད་སོགས་སྨན་བཅོས་བྱེད་པའི་ནུས་པ་ལྡན་ཡོད། འཕང་མ་དེའང་བོད་ཀྱི་སྟོངས་ལ་ཉེ་བའི་བོད་སྨན་གྱི་སྨན་རྒྱུ་ཞིག་ཡིན་ཞིང་། 2005ལོ་དང་2009ལོ་ནས་བཟུང་བོད་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་བོད་སྨན་གྱི་སྨན་རྒྱུ་འཕང་མ་དེ་བོད་ཀྱི་སྟོངས་ལ་ཉེ་བའི་བོད་སྨན་ཐོན་ཁུངས་ཀྱི་དཀར་ཆག་ནང་བཅུག་པ་རེད།འཕང་མའི་ཐོན་ཁུངས་ལ་འཕྲད་པའི་གནད་དོན་ཁག་ཅིག་ཐག་གཅོད་བྱ་ཆེད།ང་ཚོའི་ཚོགས་པས་2013ལོ་ནས་བཟུང་མི་ཐབས་ལ་བརྟེན་ནས་འཕང་མ་འདེབས་འཛུགས་ལག་རྩལ་ཞིབ་འཇུག་བྱས་ནས་མིག་སྔའི་བར་ལོ་10ཡི་རིང་ལས་དོན་སྤེལ་ཡོད། ད་ཆ་མི་ཐབས་ལ་བརྟེན་ནས་འཕང་མ་འདེབས་པའི་ལག་རྩལ་བྱང་ཆུབ་པོ་ཡོད་པ་དང་ས་བོན་འདེབས་ཚད་བརྒྱ་ཆ92ཟིན་གྱི་ཡོད།སྡོང་ཕྲུག་སྐྱེ་ཚད་བརྒྱ་ཆ་87ཟིན་ནས་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ཀྱི་འབྲེལ་ཡོད་ལག་རྩལ་གྱི་བླང་བྱ་ལྡན་ཡོད་ཅེས་བཤད།

བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་བོད་ལྗོངས་ཡུན་ཅིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་མི་སྣས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ལག་རྩལ་བདེ་བླག་ངང་གཞན་སྒྱུར་དང་། ཁྱབ་གདལ།བེད་སྤྱོད་བཅས་ལ་འགན་ལེན་བྱས་པ་དང་།མི་ཐབས་ལ་བརྟེན་ནས་འཕང་མ་འདེབས་འཛུགས་ལག་རྩལ་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་དར་རྒྱས་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ལ་འགན་ལེན་བྱ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བཤད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 6 6 拉萨日报藏文 c190899.html 1 བོད་སྨན་གྱི་སྨན་རྒྱུ་འཕང་མ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་གྱི་གན་ འཇོག་མཛད་སྒོ་འཚོགས་པ། /enpproperty-->