ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་ཉམས་མྱོང་སྤེལ་རེས(གསོ་སྦྱོང)ཀྱི་ཡུལ་དངོས་ཀྱི་ཚོགས་འདུ(གཤམ་དུ“ཡུལ་དངོས་ཀྱི་ཚོགས་འདུ”ཞེས་བསྡུ་རྒྱུ)ལྷ་སར་འཚོགས་ཤིང་། ཡུལ་དངོས་ཀྱི་ཚོགས་འདུར་ཞུགས་མཁན་ལྗོངས་ཡོངས་ཀྱི་ས་གནས(གྲོང་ཁྱེར)ཁག་དང་རྫོང(ཆུས)ཁག་གི་དབང་སྐྱོན་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་ལས་དོན་པ་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་དབང་སྐྱོན་ལྷན་ཚོགས་སུ་བསྐྱོད་ནས་ལྟ་སྐོར་དང་སྤེལ་རེས་བྱས་པ་རེད།
བྱེད་སྒོ་སྤེལ་སྐབས། གསོ་སྦྱོང་ནང་ཞུགས་མཁན་ཚོས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུའི་ལྟེ་གནས་དང་། ཁྲེང་ཀོན་ཆུས་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས། ཁྲེང་ཀོན་ཆུས་དྲག་སྐྱེད་ཞབས་ཞུའི་ལྟེ་གནས། ཞོལ་སྡེ་ཁུལ་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང། ཁྲེང་ཀོན་ཆུས་དབང་པོ་སྐྱོན་ཅན་གྱི་གཅེས་སེམས་ས་ཚིགས། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལྟེ་གནས། གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་གློག་རྡུལ་ཚོང་དོན་གསོ་སྐྱོང་རྟེན་གཞི། གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི“རིག་གནས་གསར་གཏོད་པའི”རང་ཚུགས་འཚར་ལོངས་བཟོ་ཁང་སྟེ་འགྲོ་ཕན་གླིང་ལག་ཤེས་ཁང་སོགས་སུ་བསྐྱོད་དེ་རང་གྲོང་གི་དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་དང་། སློབ་གསོ། ལས་ཞུགས། སྤྱི་ཚོགས་འགན་ལེན་སོགས་ཐད་སྤེལ་བའི་ཞབས་ཞུའི་བྱ་ཐབས་ཁག་ལ་བརྟག་ཞིབ་བྱས་པ་རེད།
དབང་པོ་སྐྱོན་ཅན་གྱི་ཁྱིམ་སྟེ། ཁྲེང་ཀོན་ཆུས་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་དེ་རང་གྲོང་གི་དར་དམར་ནུབ་ལམ་དུ་གནས་ཤིང་། 2020ལོའི་ཟླ་4པར་ཨར་ལས་འགོ་བཙུགས་པ་དང་། 2021ལོའི་ཟླ་9པར་ལས་མཇུག་འགྲིལ་བ། 2023ལོའི་ཟླ་9པར་ལས་གཉེར་བྱེད་འགོ་ཚུགས་པ་བཅས་རེད། ལྟེ་གནས་དེས་སྣ་མང་ཅན་དང་། རང་གཤིས་ཅན། ཆེད་ལས་ཅན་བཅས་ཀྱི་རྒན་གསོའི་ཞབས་ཞུར་བརྟེན་ནས་རྒན་རྒོན་ཚོར་བློ་བདེ་ལ་སྐྱིད་སྣང་དོད་པའི་རྒན་གསོའི་ཁོར་ཡུག་ཅིག་བཏོད་དེ་རྒན་རྒོན་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། རྒན་རྒོན་མི་ཉུང་བ་ཞིག་གི་ཚེ་མཇུག་གི་སྐྱིད་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད།
ཁྲེང་ཀོན་ཆུས་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་འཕྲིན་ལས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྟེ་གནས་དེས་གཙོ་བོ་ལོ་60ཡན་གྱི་རྒན་རྒོན་དང་། ལྷག་པར་དུ་དབང་པོ་སྐྱོན་ཅན་གྱི་རྒན་རྒོན་དང་། དཀའ་ངལ་ཡོད་པའི་རྒན་རྒོན། མི་ཧྲེང་རྒན་རྒོན་སོགས་ལ་བཟའ་འཐུང་དང་སྨན་བཅོས་བདེ་ཐང་སོགས་རྒན་གསོའི་ཞབས་འདེགས་ཞུ་བཞིན་ཡོད། ཞབས་འདེགས་ཞུ་སྟངས་རིགས་གཉིས་ཡོད་པ་སྟེ། གཅིག་ནི་གཟུགས་པོ་བདེ་ཐང་ཡིན་པའི་རྒན་རྒོན་རང་ཉིད་ལྟེ་གནས་སུ་ཡོང་ནས་ཞབས་ཞུ་སྣ་ཚོགས་དང་ལེན་བྱེད་ཆོག་པ་དང་། གཉིས་ནི་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ལ་དམིགས་ནས་སྒོ་རྩར་བསྐྱོད་དེ་ཞབས་འདེགས་ཞུ་བཞིན་ཡོད།
འཕྲིན་ལས་ཀྱིས། མིག་སྔའི་བར་ང་ཚོའི་ཞབས་ཞུར་རྒན་རྒོན་མང་ཆེ་བའི་གདེང་འཇོག་བཟང་པོ་ཐོབ་ཡོད། རྗེས་མར་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་གི་རྒྱབ་སྐྱོར་འོག ང་ཚོས་རྒན་རྒོན་ཚོར་དེང་རབས་ཀྱི་རྒན་གསོའི་འདུ་ཤེས་དང་འཚམ་པའི་ཞབས་ཞུ་ནུས་ཤུགས་ཡོད་རྒུས་བསྒྲུབ་རྒྱུ་ཡིན་ཞེས་བཤད།
ས་ཆ་གང་དུ་སླེབས་ཀྱང་ལས་དོན་པས་རང་ངོས་ཁྱབ་ཁོངས་ཀྱི་ལས་དོན་སྤེལ་ཚུལ་ཁྱོན་ཡོངས་དང་ཞིབ་ཚགས་ངང་ངོ་སྤྲོད་བྱེད་པ་དང་། གསོ་སྦྱོང་ནང་ཞུགས་མཁན་ཚོས་ཉན་ཞོར་དུ་འདྲི་རྩད་ཞིབ་ཚགས་བྱེད་པར་མ་ཟད། ད་དུང་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་དང་། བསགས་པའི་ལག་ལེན་གྱི་ཉམས་མྱོང་། གསར་གཏོད་བྱེད་སྟངས་སོགས་ལ་དམིགས་ནས་ཡུལ་དངོས་སུ་སྤེལ་རེས་བྱེད་ཀྱི་ཡོད། ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་བྱེད་སྟངས་དེས་ས་གནས་ཁག་གི་དབང་སྐྱོན་ལྷན་ཚོགས་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་ནུས་ལྡན་ཐེབས་ནས་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་རིམ་པ་བཞི་པའི་བརྟག་ཞིབ་པ་ཁྲེན་ལུང་སིས། དེ་རིང་ང་ཚོས་ཚང་མའི་སྣེ་ཁྲིད་དེ་གནས་མང་པོར་ལྟ་སྐོར་བྱས་པ་ཡིན། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ནས་ཡོང་བའི་དབང་སྐྱོན་ལྷན་ཚོགས་ཀྱི་ལས་རོགས་ཚོར་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས་ད་ཐེངས་ཀྱི་ལྟ་སྐོར་དེས་ཁོང་ཚོའི་ལས་དོན་ཐད་བློ་སྒོ་ཕྱེ་བྱུང་ཞེས་གླེང་གི་ཡོད། འོན་ཀྱང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་དང་བསྡུར་ན་ད་དུང་ཁྱད་པར་ངེས་ཅན་ཞིག་ལྡན་ཡོད་པས། ང་ཚོས་ད་ཐེངས་ཀྱི་སྤེལ་རེས་དང་སློབ་སྦྱོང་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社