分享按钮

མྱུར་སྐྱེལ་ཀུང་སིས་ནུས་ཤུགས་ཡོད་རྒུས་མྱུར་སྐྱེལ་བསྐུར་མ་བདེ་འཇགས་དང་མགྱོགས་མྱུར་ངང་འབྱོར་ཐུབ་པའི་འགན་ལེན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།“11·11”ཉིན་གྱི་དངོས་ཟོག་ཉོ་སྒྲུབ་བྱེད་མང་བའི་དུས་སུ་སླེབས་པ་དང་ཆབས་ཅིག་རང་གྲོང་གི་མྱུར་སྐྱེལ་ཀུང་སི་ཆེ་གྲས་ཁག་ཀྱང་དེ་དང་ཆབས་ཅིག་དངོས་ཟོག་སྐྱེལ་མང་ཤོས་ཀྱི་དུས་སུ་སླེབས་ཡོད། མྱུར་སྐྱེལ་ཀུང་སི་ཁག་གིས་ནུས་ཤུགས་ཡོད་རྒུས་འཐུམ་སྒྲིལ་ཁག་ནུས་ལྡན་དང་གནད་ལ་འཁེལ་བའི་སྒོ་ནས་འཛད་སྤྱོད་པར་སྤྲོད་ཐུབ་པའི་འགན་ལེན་བྱས་པ་རེད།

ཟླ་11ཚེས་11ཉིན་གསར་འགོད་པ་བོད་ལྗོངས་ཧྲུན་ཧྥུང་འཐུམ་སྒྲིལ་དབྱེ་འབྱེད་ལྟེ་གནས་སུ་སྐྱོད་སྐབས་བར་བརྒྱུད་ས་ཚིགས་སུ་ཛ་དྲག་ལ་གོ་རིམ་ལྡན་པའི་ལས་ཀ་བྱེད་བཞིན་པ་མཐོང་ཡོད། མྱུར་སྐྱེལ་བསྐུར་མ་བླུགས་པའི་རླངས་འཁོར་རེ་རེ་བཞིན་འདི་གའི་རླངས་འཁོར་འཇོག་གནས་སུ་འབྱོར་རྗེས་ལས་དོན་པས་འཁོར་སྒྲོམ་ཁ་ཕྱེ་ནས་བསྐུར་མ་རེ་རེ་བཞིན་དབོར་བ་དང་འབྲེལ་མྱུར་སྐྱེལ་དབྱེ་འབྱེད་པ་བཅུ་ཕྲག་ཁ་ཤས་ཀྱིས་རྒྱལ་ཡོངས་ས་གནས་ཁག་ནས་བསྐུར་ཡོང་བའི་བསྐུར་མ་དེ་དག་མ་ནོར་བར་དབྱེ་བ་ཕྱེ་ནས་སྐྱེལ་ཡུལ་རྗེས་མར་སྐྱེལ་རྒྱུར་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད།

བོད་ལྗོངས་ཧྲུན་ཧྥུང་འཐུམ་སྒྲིལ་དབྱེ་འབྱེད་ལྟེ་གནས་ཀྱི་འགན་འཁུར་བ་དབྱི་ཅེས་གསར་འགོད་པར་ཟླ་11ཚེས་11ཉིན་གྱི་སྔོན་ཚོང་བྱེད་སྒོ་སྤེལ་རྗེས་བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་བར་བརྒྱུད་ལྟེ་གནས་ཀྱི་མྱུར་སྐྱེལ་བྱེད་ཚད་མངོན་གསལ་དོད་པོས་འཕར་ནས་ཉིན་རེར་ཆ་སྙོམས་དངོས་ཟོག་དོ་པོ་ཁྲི་4ཟིན་པ་དང་སྔོན་རྩིས་བྱས་ན་མང་ཤོས་ཀྱི་དུས་སུ་དངོས་ཟོག་དོ་པོ་ཁྲི་5.5ལྷག་ཙམ་འབྱོར་ནས་དུས་མཚུངས་ལས་འཕར་ཚད་བརྒྱ་ཆ་8ཙམ་ཟིན་རྒྱུ་རེད།འགྲན་སློང་དེའི་མདུན་དུ་ཀུང་སིས་སྔ་སྣུར་དུ་ལས་མི་མང་དུ་བཏང་ནས་བར་བརྒྱུད་ཀྱི་བརྒྱུད་རིམ་ལེགས་སུ་བཏང་བར་མ་ཟད།འབྲེལ་ཡོད་སྒྲིག་ཆས་རིམ་སྤོར་ཡང་བྱས་ཡོད།གྲ་སྒྲིག་ཞིབ་ཚགས་རབ་དང་རིམ་པ་བྱས་པ་བརྒྱུད།ཧྲུན་ཧྥུང་མྱུར་སྐྱེལ་གྱིས་ཟོག་འགྲེམས་མང་བའི་དུས་ཚིགས་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།

སྐྱེལ་འདྲེན་ལྷུ་ཚིགས་སུ་བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སིས་ད་དུང་སྐྱེལ་འདྲེན་འཁོར་རིགས་མང་དུ་བཏང་བ་དང་།སྐྱེལ་འདྲེན་ལམ་ཐིག་ལེགས་སུ་བཏང་བས།སྐྱེལ་འདྲེན་གྱི་ལས་ཕྱོད་ཆེ་རུ་ཕྱིན་ཡོད། མཁོ་འདོན་ཚོང་པ་དང་གློག་རྡུལ་ཚོང་དོན་ལས་སྟེགས་གཉིས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མངགས་ཉོའི་གྲངས་འབོར་སྔོན་ཚུད་ནས་སྔོན་དཔག་བྱེད་པ་དང་སྐྱེལ་འདྲེན་ནུས་པ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་དངོས་ཟོག་དུས་ཐོག་ཏུ་དབོར་ཐུབ་པའི་འགན་ལེན་བྱས་ཡོད།

ཧྲུན་ཧྥུང་ཧྥུང་ཐའེ་ཐོན་ལས་གླིང་གི་ལས་གཉེར་ས་ཚིགས་ཀྱི་མྱུར་སྐྱེལ་པ་ལིན་ཅེས།ཟླ་10ཚེས་21ཉིན་ནས་བཟུང་ང་ཚོས་ཟླ་11ཚེས་11ཉིན་གྱི་མྱུར་སྐྱེལ་སྡེབ་སྐྱེལ་ལས་དོན་སྤེལ་འགོ་ཚུགས་པ་ཡིན།སྡེབ་སྐྱེལ་བྱེད་ཚད་དུས་རྒྱུན་དང་བསྡུར་ན་བརྒྱ་ཆ་10མང་དུ་ཕྱིན་ཡོད།མྱུར་སྐྱེལ་པ་མི་རེ་ངོ་རེས་ཉིན་རེར་སྐྱེལ་དགོས་པའི་མྱུར་སྐྱེལ་གྲངས་འབོར་100ལྷག་ཙམ་བར་མང་དུ་ཕྱིན་པར་མ་ཟད།ཐ་ན་དེ་ལས་ཀྱང་མང་བ་ཡོད། ཟླ་11ཚེས་11ཉིན་གྱི་ལས་སྒོའི་མཐོ་རླབས་ལ་ཁ་གཏད་གཅོག་ཆེད་མྱུར་སྐྱེལ་བའི་ལས་ཀའི་དུས་ཚོད་གཞིར་བཟུང་ལེགས་སྒྲིག་བྱས་པ་དང་ཀུང་སིས་ཀྱང་མྱུར་སྐྱེལ་མི་སྣ་མང་དུ་བཏང་ནས་མྱུར་སྐྱེལ་ཚང་མ་དུས་ཐོག་དང་གནད་ལ་འཁེལ་པོས་སྐུ་མགྲོན་ལ་སྤྲོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།

བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སིས།ཟླ་10ཚེས་21ཉིན་ནས་བཟུང་ཟླ་11ཚེས་11ཉིན་གྱི་ཞབས་ཞུའི་འགན་ལེན་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་འཆར་གཞི་དེ་ཟླ་11ཚེས་18ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་ཁྱོན་ཡོངས་ཀྱི་རྒྱུན་མཐུད་དུས་ཡུན་ཉིན་20ཙམ་རེད།ད་ལོའི་ཟླ་11ཚེས་11ཉིན་གྱི་ལས་སྒོའི་མཐོ་རླབས་ལ་ཁ་གཏད་ནུས་ལྡན་གཅོག་ཆེད།ཧྲུན་ཧྥུང་མྱུར་སྐྱེལ་གྱིས་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་ལྡན་པའི་གྲ་སྒྲིག་བྱ་ཐབས་མང་པོ་སྤྱད་ནས་སྔ་སྣུར་དུ་འཆར་འགོད་བྱས་ཏེ།དུས་ཐུང་ལས་མི་འདང་ངེས་ཤིག་སྐོང་བསྡུ་ཧུར་ཐག་བྱས་ཡོད།གཞན་ཡང་བར་བརྒྱུད་རླངས་འཁོར་5མང་དུ་བཏང་ནས་ཟོག་འགྲེམས་དྲ་བའི་སྐྱེལ་འདྲེན་ནུས་པ་དང་བབ་བསྟུན་རང་བཞིན་སྔར་བས་ཆེ་རུ་བཏང་ནས་མྱུར་སྐྱེལ་བསྐུར་མ་མགྱོགས་མྱུར་འཁོར་རྒྱུག་ཐུབ་རྒྱུར་འགན་ལེན་བྱས་ཡོད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་མྱུར་སྐྱེལ་བས་བསྐུར་མ་དབྱེ་བ་འབྱེད་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 6 6 拉萨日报藏文 c190894.html 1 མྱུར་སྐྱེལ་ཀུང་སིས་ནུས་ཤུགས་ཡོད་རྒུས་མྱུར་སྐྱེལ་བསྐུར་མ་བདེ་འཇགས་དང་མགྱོགས་མྱུར་ངང་འབྱོར་ཐུབ་པའི་འགན་ལེན་བྱས་པ། /enpproperty-->