ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བུད་མེད་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་དུ་ཡོད་པའི་བུད་མེད་ལ་དཀའ་གནད་སེལ་བ་དང་བྱ་བ་དངོས་ཏན་ཏིག་བསྒྲུབ་ཆེད།ཉིན་ཤས་གོང་།ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བདུན་གཅིག་སྡེ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ལ་ཐུགས་ཁུར་བྱས་ནས་བརྩེ་བ་བརྒྱུད་སྤྲོད་བྱེད་པའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གཞི་རིམ་བུད་མེད་ཀྱི་ཉེ་འགྲམ་དུ་སྐྱེལ་བ་རེད།
བྱེད་སྒོ་སྤེལ་བའི་ཉིན་དེར་བདུན་གཅིག་སྡེ་ཁུལ་གྲོང་ལྷན་གྱི་སྒོ་རའི་ནང་དྲོ་སོབ་སོབ་ཀྱི་རྣམ་པ་ཞིག་འགོག་མེད་དུ་འཆར། སྡེ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་སྔ་ས་ནས་འདི་གར་ཡོང་སྟེ་གྲ་སྒྲིག་ཞིབ་ཚགས་བྱས་པའི་དགུན་དུས་ཀྱི་མལ་ཆས་ཆ་ཚང་རེ་རེ་བཞིན་ལེགས་སྒྲིག་བྱས་ཡོད། དེའི་རྗེས་སུ་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་བུད་མེད་28དང་བཟའ་ཟླ་མེད་པའི་བུད་མེད་རྣམས་ལ་ཁ་བཏགས་བསྒྲོན་པ་དང་འབྲེལ་འཚམས་འདྲིའི་དངོས་པོ་ཡང་སྤྲད་པ་རེད།དངོས་པོ་དེ་དག་ཆུང་ཡང་བརྩེ་སེམས་ཟབ་མོས་གཞི་རིམ་བུད་མེད་ལ་དྲོ་སྐྱིད་སྦྱིན་ཡོད།བྱེད་སྒོ་སྤེལ་རིང་སྡེ་ཁུལ་གྱི་འགན་འཁུར་བས་བུད་མེད་མང་ཚོཊ་ཀྱི་འཚོ་བ་དང་ལས་ཀའི་གནས་ཚུལ་ཞིབ་ཕྲ་དྲིས་པ་དང་ཁོ་ཚོའི་བསམ་འདུན་དང་རེ་འབོད་ལ་ནན་ཏན་ངང་ཉན་པ། ཁོང་ཚོས་བཏོན་པའི་དོན་དངོས་ཀྱི་དཀའ་ངལ་རེ་རེ་བཞིན་ཟིན་ཐོར་བཀོད་པ་དང་འབྲེལ་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོ་དེས་གཞི་རིམ་གྱི་བུད་མེད་ལ་དངོས་པོའི་ཐོག་ནས་རོགས་རམ་བྱས་པར་མ་ཟད།བསམ་པའི་ཐོག་གི་དྲོ་སྐྱིད་དང་སྐུལ་ལྕག་དེ་བས་སྦྱིན་ནས་ཏང་དང་མང་ཚོགས་དབར་དང་།ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ཡོད།བྱེད་སྒོ་སྤེལ་བ་དེ་ནི་གཞི་རིམ་གྱི་བུད་མེད་ལ་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད། ཁྲེང་ཀོན་ཆུས་ཀྱི་བདུན་གཅིག་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད།རྗེས་མར་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་ཞུའི་རྣམ་པ་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ།སྡེ་ཁུལ་གྱི་གྲོང་མིར་དེ་བས་སྙིང་ཉེ་དང་ནུས་ཆེའི་ཞབས་འདེགས་ཞུས་ནས་དྲོ་སྐྱིད་དང་།ཞི་མཐུན།གསོན་ཤུགས་བཅས་ལྡན་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཐུན་མོང་ཐོག་གཏོད་རྒྱུ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社