(པར་ངོས་དང་པོར་མཐུད)ཡུལ་སྐོར་ལོའི་གཱ་ཡི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་ཡོད་པ་སྟེ། ས་གནས་གཉིས་ཀྱི་གཱ་བདག་མཁན་མང་ཚོགས་ཀྱིས་མཚོ་སྔོན་ཡུལ་སྐོར་གྱི་ལོའི་གཱ་དང་ལྷ་སའི་ཡུལ་སྐོར་གྱི་ལོའི་གཱ་ཉོ་སྐབས་སྤྱི་ཚོགས་འགན་བཅོལ་གཱ་ཡི་དངུལ་རྩའི་རྩིས་ཁྲའི་ཐོག་ནས་དངུལ་མང་ཤོས་སྒོར་50སྤྲོད་ཆོག་གི་ཡོད་པ་རེད། སྤྱི་སྤྱོད་འགྲིམ་འགྲུལ་གྱི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པ་དང་། ལྷ་སར་མཚོ་སྔོན་གྱི་སྤྱི་ཚོགས་འགན་བཅོལ་གཱ་སྤྱད་ཚེ་དངོས་ཚན་གཱ་ལ་སྒོར་ཟུར་5དང་གློག་རྡུལ་གཱ་ལ་སྒོར་ཟུར་1བྱས་ནས་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པ་དང་། མཚོ་སྔོན་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་སྤྱད་ཚེ་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པའི་གཟིགས་སྐྱོང་ཕྱེད་ཀ་གཅོག་ཆོག་གི་ཡོད་པ་རེད། གཞན་ཡང་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་འཁྱེར་མཁན་གྱིས་མཚོ་སྔོན་གྱི་གཏན་འཁེལ་ཚོང་ཁང་ནས་ཉོ་སྒྲུབ་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད། གོང་གསལ་གྱི་དམངས་ཕན་བྱེད་སྒོ་དེ་2024ལོའི་ཟླ་11ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་དྲ་ཐོག་ཏུ་སྤེལ་རྒྱུ་དང་། གནས་ཚུལ་ཞིབ་ཕྲ་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་གཱའི་སྐད་འཕྲིན་སྤྱི་རྟགས་ལ་དོ་སྣང་བྱེད་དགོས།
གྲོང་མི་དཔལ་གཡང་གིས་ལས་ཀར་འགྲོ་བའི་དུས་ཡིན་ནའང་འདྲ་ཕྱི་ཕྱོགས་སུ་ཡུལ་སྐོར་དུ་བསྐྱོད་ནའང་འདྲ་གང་ལྟར་ང་སྤྱི་སྤྱོད་རླངས་འཁོར་ལ་སྡོད་རྒྱུར་དགའ་པོ་ཡོད། ད་ལྟ་སྤྱི་ཚོགས་འགན་བཅོལ་གཱ་ཡོད་པས་རྒྱུན་དུ་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པ་དང་སྒོ་རྩིས་ཚོང་ཁང་དུ་འགྲོ་བ་སོགས་ཚང་མར་སྤྱོད་ཆོག་པ་མ་ཟད། ད་དུང་གཟིགས་སྐྱོང་ཡང་ལོངས་སུ་སྤྱོད་ཆོག་པས་ཧ་ཅང་ཡག་པོ་འདུག་ཅེས་བཤད།
རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་མཚོ་བོད་གཱ་གཅིག་ཀུན་འཐུས་ཞེས་པའི་བྱེད་སྒོ་ཡག་པོ་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱ་ཆེད། བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་སིལ་ཚོང་པུའུ་ཡིས་གྲངས་འབོར་མང་དུ་གཏོང་བ་དང་། སྤུས་ཚད་ལེགས་སུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་མང་ཚོགས་ཀྱི་དགོས་མཁོ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ཏེ་བྱེད་སྒོ་བཀོད་སྒྲིག་བྱེད་མཁན་ཕྱོགས་ཀྱིས་གདམ་ག་དང་། ལྗོངས་ནང་ཁུལ་གྱི་དངུལ་ཁང་ཁག་སྦྲེལ་མཐུད། བྱེད་སྒོ་སྤེལ་མཁན་གྱི་ཚོང་དུད་གོང་ཞུ། བྱེད་སྒོ་བཀོད་སྒྲིག་གི་མྱུར་ཚད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབས་ནས་ལས་དོན་ཁག་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་བཅས་ཡོང་བར་སྐུལ་འདེད་བཏང་བ་རེད།
སླད་ཕྱིན་མཚོ་བོད་ས་ཁུལ་གཉིས་ཀྱིས་ས་ཁོངས་མཉམ་འགུལ་གྱི་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། ལས་སྒོ་མཉམ་སྒྲུབ་དང་གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། བེད་སྤྱོད་ཀྱི་རྣམ་པ་མང་དུ་གཏོང་བ་བཅས་བྱས་ཏེ་འཛད་སྤྱོད་ཀྱི་བྱེད་སྒོ་དང་དམངས་ཕན་གྱི་བྱེད་ཐབས་སྔར་བས་མང་བ་སྤྱི་ཚོགས་འགན་བཅོལ་གཱ་ནང་བཅུག་ནས་མང་ཚོགས་ལ་གཱ་གཅིག་ལག་ཏུ་ཡོད་ཚེ་འཚོ་བར་སེམས་ཁྲལ་མེད་པའི་བྱ་བ་སྒྲུབ་པའི་མྱོང་ཚོར་ཡག་པོ་དངོས་སུ་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་རེད། སྤྱི་ཚོགས་འགན་བཅོལ་གཱ་དེ་ས་གནས་གཉིས་ཀྱི་མང་ཚོགས་ཀྱི་སྟབས་བདེའི་འཚོ་བ་སྐྱེལ་བའི་སྙིང་ཉེའི་གཱ་དང་། དྲོ་སྐྱིད་ཀྱི་གཱ། བློ་བདེའི་གཱ་བཅས་སུ་འགྱུར་བར་བྱས་ནས་མཚོ་བོད་ས་ཁུལ་གཉིས་ཀྱི་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་ལོངས་སུ་སྤྱོད་ཐུབ་པར་བྱ་རྒྱུ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社