(པར་ངོས་དང་པོར་མཐུད)རུ་ཁག་དེ་ནི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཁྲོད་ཀྱི་བྱས་རྗེས་འཇོག་མཁན་གལ་ཆེན་ཞིག་རེད།
དར་རྒྱས་ཡུག་ཁུལ་དང་པོའི་འགན་འཁུར་བ་ཡང་ཅན་གྱིས། ཡུག་ཁུལ་དེར་ད་ཆ་དྲེལ་7ཡོད་པ་དང་། དེ་དག་རིའི་ལྡེབས་སུ་ཕར་འགྲོ་ཚུར་འོང་ཐེངས་གཅིག་བྱེད་པར་ཧ་ལམ་ཆུ་ཚོད་གཅིག་ཙམ་འགོར་གྱི་ཡོད། དྲེལ་གཅིག་ལ་ཤིང་སོན་10ནས་12བར་འགེལ་ཐུབ་ཀྱི་ཡོད་པས་ང་ཚོའི་ལས་དོན་ལ་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད།
སྐལ་བཟང་ཚེ་རིང་ནི་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་ཚོགས་ཆུང་7པའི་ཡུལ་མི་ཞིག་ཡིན་ཞིང་། ཐོག་མའི་དུས་སུ་ཤིང་སོན་འདེབས་འཛུགས་བྱས་པ་ནས་བཟུང་། ཁོང་གིས་ཡུལ་མི་གཞན་དང་མཉམ་དུ་ས་དོང་འདྲུ་བ་དང་། ཤིང་སོན་འཛུགས་པ། ཆུ་འདྲེན་པ་བཅས་བྱས་ནས་ཤིང་སོན་ཉིན་རེ་བཞིན་མང་དུ་ཕྱིན་པ་དང་རི་ངོས་ཉིན་རེ་བཞིན་སྔོ་ལྗང་ཅན་དུ་གྱུར་པ་མཐོང་སྐབས་སྐལ་བཟང་ཚེ་རིང་གི་སེམས་ལ་དགའ་ཚོར་ཆེན་པོ་བྱུང་བར་མ་ཟད། ལས་ཀ་བྱེད་པའི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།
སྐལ་བཟང་ཚེ་རིང་གིས། འདི་གར་སྔོ་འགྱུར་གྱི་ལས་ཀ་བྱས་ནས་ཟླ་བ་10ཙམ་ཕྱིན་སོང་། དེ་སྔོན་ས་འདི་ནི་ལྗོན་ཤིང་མེད་པར་སྐྱ་ཐིང་ཐིང་དུ་གནས་ཡོད། ད་ཆ་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པས་འདི་གར་སྔོ་ཐིང་ཐིང་དུ་གྱུར་ཡོད་ཅེས་བཤད།
སྟག་རྩེ་ཆུས་ཀྱི་ནགས་བཟོ་བྱ་ཡུལ་ནི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་བསྡུས་རིས་ཤིག་རེད། རང་ལྗོངས་ཀྱི་གཞི་ཁྱོན་ཅན་གྱི་རི་ངོས་སྔོ་འགྱུར་གྱི་སྐྱེ་ཁམས་ཉམས་གསོའི་ལས་གྲྭ་གལ་ཆེན་ཐོག་མ་དེ་ཡིན་པའི་ངོས་ནས། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་འཆར་འགོད་དུས་ཡུན་ལོ་10ཡིན་པ་དང་། འཆར་འགོད་ཀྱི་ཁྱབ་ཁོངས་དེ་ལྷ་སའི་སྐྱིད་ཆུ་གཙོ་བོར་བྱས་ཡོད། རི་ངོས་གཡས་གཡོན་གྱི་རི་སྒལ་གཙོ་བོའི་ཁྱབ་ཁོངས་དེ་གཙོ་གནད་དུ་བྱས་ནས་ཤར་ནུབ་རྒྱུད་དུ་སྤྱི་ལེ་200ཙམ་ཡོད་པ་དང་། དེ་ཉིད་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གཉིས་ཀྱི་རྫོང(ཆུས)9དང་། ཤང(གྲོང་རྡལ)35དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཐད་རྒྱ་ཁྱོན་མུའུ་ཁྲི་206.72ཟིན་པ་བྱ་རྩིས་ཡོད། མིག་སྔའི་བར། རང་གྲོང་གིས་ས་ཆ་མུའུ་ཁྲི་51.7ལ་ནགས་བཟོ་བྱས་ཤིང་། ཤིང་སོན་སྐྱེ་ཚད་བརྒྱ་ཆ་80ཡན་ཟིན་པ་དང་། ཆ་རྐྱེན་ཅུང་ལེགས་པའི་ས་ཁོངས་ཁག་ཅིག་ལ་བརྒྱ་ཆ་95ཡན་ཟིན་ཡོད། རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་ཁྲི་600ལྷག་ཙམ་ལ་ལས་ཞུགས་འབབ་འཕར་བྱུང་བ་དང་། སྒོར་དུང་ཕྱུར་15.7ལྷག་ཙམ་ཟིན་ཡོད།
གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ནོར་བུས། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་ཉེ་འཁོར་གྱི་ནགས་ཚལ་གྱི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། མིའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ལྷ་སའི་སྐྱིད་ཆུའི་རྒྱུད་དུ་ལོར་ཆ་སྙོམས་ཆར་ཆུ་འབབ་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ། ཆ་སྙོམས་བརླན་ཚད་དང་དྲོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཐལ་རྡུལ་གྱི་གནམ་གཤིས་བསྟན་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དེ་རྒྱལ་ཡོངས་ཀྱི་ལས་བྱེད་པའི་ཀློག་དེབ《ཐཱན་རྩེར་སོན་དང་ཐཱན་དོ་སྙོམས་ཀྱི་དཔེ་མཚོན་འདེམས་བཀོད》ནང་བདམས་པ་དང་། སྐྱེ་ཁམས་ཁོར་ཡུག་པུས་སྐྱེ་ཁམས་ཁོར་ཡུག་གི་ལས་གྲྭ་གལ་ཆེན་ལག་བསྟར་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ལ་སྤྱད་ཡོད་ཅེས་བཤད།
རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཡོང་རྒྱུ་ནི་བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་བསྐལ་བརྒྱར་སྨིན་པ་ཞིག་རེད། སྐལ་བཟང་ནོར་བུས། རྗེས་མར། ང་ཚོས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀོད་པ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་། རྒྱལ་ཁབ་ས་ཆའི་བར་མཐོངས་སྔོ་འགྱུར་འཚམ་མཐུན་རང་བཞིན་གྱི་དཔྱད་དཔོག་དང་ཉེ་བའི་ལོ་གསུམ་རིང་གི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱས་ཚུལ་དང་ཟུང་འབྲེལ་གྱིས་རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། ཆོད་སེམས་མི་འགྱུར་བ་དང་། ཚད་གཞི་མི་ཆག་པ། ཤུགས་ཚད་མི་ཆག་པ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་པའི་བདེ་སྐྱིད་ལས་གཞི་དང་དམངས་འཚོའི་ལས་གཞི་འདི་ཉིད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་ཕན་འབྲས་ཐོན་པར་བྱ་རྒྱུ་ཡིན་ཞེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社