ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་31ཉིན་གྱི་ཆུ་ཚོད་9དང་སྐར་མ་32དང་། ཆུ་ཚོད་9དང་སྐར་མ་45ཡི་ཐོག་མལ་གྲོ་གུང་དཀར་རྫོང་དུ་ས་ཡོམ་རིམ་པ་4.1དང་3.6སོ་སོར་བརྒྱབ་ནས་ཡོམ་ཚོར་མངོན་གསལ་དོད་པོ་བྱུང་ཡོད།རྒྱལ་ཁབ་གློག་དྲ་མལ་གྲོ་གུང་དཀར་རྫོང་གི་གློག་མཁོ་འདོན་ཀུང་སིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ།རྫོང་ནང་ཁུལ་གྱི་སྐུད་ལམ་སྒྲིག་ཆས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ་གློག་ཤུགས་སྒྲིག་ཆས་ལ་ས་ཡོམ་གྱི་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་དང་རྫོང་ཁོངས་སུ་བརྟན་ལ་གོ་རིམ་ལྡན་པའི་ངང་གློག་མཁོ་འདོན་ཐུབ་པའི་འགན་ལེན་བྱས་པ་རེད།
ས་ཡོམ་བརྒྱབ་རྗེས།མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་ལྷ་ལུང་གྲོང་ཚོའི་ཚོགས་ཆུང་དང་པོའི་ཡུལ་མིའི་དུད་ཚང་21གི་ཁང་པར་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་དང་།ཡུལ་མི་90ལྷག་ཙམ་དང་འབྲེལ་བ་ཡོད། མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་ཡུལ་མིར་གནས་སྐབས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་བསྐྲུན་ཡོད། རྒྱལ་ཁབ་གློག་དྲ་མལ་གྲོ་གུང་དཀར་རྫོང་གི་གློག་མཁོ་འདོན་ཀུང་སིས་འཕྲལ་དུ་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས་རུ་ཐོག་ཤང་ལྷ་ལུང་གྲོང་ཚོའི་ཚོགས་ཆུང་དང་པོར་བསྐྱོད་དེ་ཡུལ་མིའི་གནས་སྐབས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ལ་ཛ་དྲག་གི་གློག་ཤུགས་མཁོ་འདོན་བྱས་པ་དང་།འཕྲལ་སྡོམ་གློག་ཁུངས་རླངས་འཁོར་གཅིག་བཀོད་སྒྲིག་བྱས་པར་མ་ཟད།མི་ཐེངས་20ལྷག་ཙམ་དང་རླངས་འཁོར་ཐེངས་6བཀོད་སྒྲིག་བྱ་ཡུལ་དུ་བཅའ་སྡོད་བྱས་ནས་བཀོད་སྒྲིག་བྱ་ཡུལ་གྱི་ཡུལ་མིའི་གློག་གི་གནད་དོན་འཕྲལ་མར་ཐག་གཅོད་བྱེད་བདེ་བ་དང་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཀྱི་རྒྱུན་གཏན་གྱི་གློག་སྤྱོད་རྒྱུར་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱས་པ་རེད།
ཡུལ་མིའི་གནས་སྐབས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུའི་རུ་ཁག་གིས་ཛ་དྲག་ངང་གློག་ཤུགས་མཁོ་འདོན་བྱ་རྒྱུའི་འགན་འཁུར་བ་དང་ཆབས་ཅིག་ཡུལ་མི་དང་མཉམ་དུ་ཅ་ལག་དབོར་འདྲེན་དང་། སྒྲོམ་གཞི་སྒྲིག་པ་སོགས་ཀྱི་ལས་དོན་ཆུ་ཚོད་19ཡི་རིང་འབད་འཐབ་བྱས་པ་བརྒྱུད།སྟབས་བདེའི་ཁང་པ་རེ་རེ་བཞིན་བསྐྲུན་པ་དང་ཁང་པ་ཚང་མར་གློག་དང་སྒེའུ་ཁུང་སྒྲིག་སྦྱོར་བྱས་ཏེ་བཀོད་སྒྲིག་བྱ་ཡུལ་གྱི་གནས་སྤོའི་ཡུལ་མི་90ལྷག་ཙམ་གྱི་གློག་གི་གནད་དོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
སླད་ཕྱིན།རྒྱལ་ཁབ་གློག་དྲ་མལ་གྲོ་གུང་དཀར་རྫོང་གི་གློག་མཁོ་འདོན་ཀུང་སིས་ས་ཡོམ་རྗེས་ཀྱི་གནོད་འཚེ་ཕོག་པའི་ཡུལ་མིའི་གློག་སྤྱོད་གནས་ཚུལ་ལ་མུ་མཐུད་ནས་དོ་ཁུར་བྱས་ཏེ།ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་སྐུད་ལམ་ལ་ཞིབ་བཤེར་དང་སྲུང་སྐྱོང་བྱེད་པ་དང་སྦྲགས་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ་གེགས་རྗེས་ཀྱི་འཕྲལ་སྡོམ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་གློག་སྤྱོད་ཐད་འགན་ལེན་མཐའ་གཅིག་ཏུ་བྱ་རྒྱུ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社