ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་11ཚེས་8ཉིན་ནི་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་25པ་དེ་ཡིན་ཞིང་། དེ་ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མངགས་བཅོལ་ལྟར་གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ཡིས་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གྲོང་ཁྱེར་ཡོངས་ཀྱི་གསར་འགྱུར་ལས་དོན་པའི་འཐུས་མིར་འཚམས་འདྲི་གནང་ནས་ཚང་མར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
ཝང་ཧུའེ་ཡིས།ཚང་མར་ཕྱག་བཏང་གནང་བ་དང་འབྲེལ་བྱམས་བརྩེའི་ངང་གླེང་མོལ་ཡང་གནང་བ་རེད། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་། རྒྱ་ཆེའི་གསར་འགྱུར་ལས་དོན་པས་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་དུ་གླེང་མང་བའི་གནད་དོན་ལ་དམ་འཛིན་བྱས་ནས་འཕྲིན་སྤེལ་དང་ལེ་ཚན་རེ་རེ་བརྒྱུད་ཕྱི་ཕྱོགས་ལ་ལྷ་སའི་གསུང་སྒྲ་སྙན་མོ་བསྒྲགས་པས་ལྷ་སའི་སྐད་གྲགས་ཆོད་ཚད་དང་བསྔགས་བརྗོད་ཐོབ་ཚད་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།དེ་དང་ཆབས་ཅིག་ཚང་མར་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་ནན་ཏན་བྱེད་པ་དང་གྲོང་ཁྱེར་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས།ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཐོག་ནས་གླེང་ཕྱོགས་ལ་སྣེ་ཁྲིད་དང་།དར་ཆའི་གནས་གཏན་འཁེལ་བྱེད་པ། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། གཞུང་འཁྱོངས་གསར་འབྱེད། རང་འགན་གཙང་སྒྲུབ་བཅས་བྱས་ཏེ། ངོ་མཚར་ཆེ་ལ་གསོན་ཉམས་ལྡན་པའི་ལྷ་སའི་གཏམ་རྒྱུད་ཡག་པོ་ཤོད་དགོས་པ་དང་། གཞི་རིམ་དུ་སྐྱོད་པ་དང་འཐབ་ཕྱོགས་མདུན་མར་སྐྱོད་པའི་ཁྲོད་དུ་“ཤུགས་བཞི”རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པར་བརྟེན་ནས་བསམ་བློ་ལྡན་པ་དང་། གསོན་ཤུགས་ལྡན་པ། ཤུགས་རྐྱེན་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་གསར་འགྱུར་བརྩམས་ཆོས་དེ་བས་མང་བ་བཏོན་ནས། སྨྱན་སྦྱོར་ཧྲིལ་པོའི་དུས་རབས་ཀྱི་ལེའུ་གསར་རྐྱང་ཞིག་བརྩམས་ཏེ། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་ལྕག་ཡང་གནང་བ་རེད།
དེ་རྗེས་ཝང་ཧུའེ་དང་གྲོང་སྤྱི་གཞོན་པ་པད་མ་གཡུ་སྒྲོན་གཉིས་ཀྱིས་དུས་རབས་ཀྱི་རྣམ་པ་ཟིན་ཐོར་བཀོད་ཅེས་པའི་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་25པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་རེད།
གཞན་ཡང་གནས་ཚུལ་སྤེལ་གསལ། ཟླ་11ཚེས་7ཉིན། ཝང་ཧུའེ་སྔ་རྗེས་སུ་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་སོགས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་11ཏུ་ཕེབས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ། དུས་ཡུན་རིང་པོའི་ནང་ལྷ་སའི་ལས་དོན་ཁག་ལ་ཁོང་ཚོས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་འཚམས་འདྲིའི་དངོས་པོ་ཡང་གནང་བ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社