ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་9ཉིན་ནི་རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་ཐེངས་33པ་དེ་ཡིན་ཞིང་། ཉིན་དེའི་སྔ་དྲོར་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཐན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་དམངས་ཡོངས་ཀྱི་མེ་ཟོན་དང་ཚེ་སྲོག་གོང་དུ་བཀུར་ཞེས་པའི་གྲོང་ཁྱེར་གྱི་འཚོ་བའི་ཉམས་སྲུང་སྐྱོང་བྱེད་པའི་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ནས་མེ་ཟོན་བདེ་འཇགས་ཀྱི་རྣམ་པ་ཟབ་མོ་བཏོད་དེ། དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་གནོད་འཚེ་འགོག་ནུས་སྔར་བས་ཆེ་རུ་བཏང་ཡོད།
མཛད་སྒོའི་ཐོག 2024ལོའི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་ཡོངས་བསྒྲགས་པར་གཞི་བསྟན་པ་དང་འབྲེལ། 2024ལོའི་གྲོང་ཁྱེར་ཡོངས་ཀྱི“119”ཡི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་བྱ་དགའ་སྤྲད་པ་དང་། དེ་རྗེས་ཚོགས་ཞུགས་འགོ་ཁྲིད་ཀྱིས་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་ཁྲོམ་གཞུང་གི་སྒོ་བྱང་བཀལ་བ་དང་། ཚོགས་ཞུགས་མི་སྣ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་ཁྲོམ་གཞུང་ལ་ལྟ་སྐོར་བྱས་པ་རེད།
ཡུལ་དངོས་ཀྱི་བརྗོད་དོན་གཙོ་བོའི་ཁྲོམ་གཞུང་དུ“GETཁྱེད་ཀྱི་ཉེ་འགྲམ་གྱི་མངོན་མེད་རྐྱེན་ངན”དང་། “མེ་ཟོན་པར་ལེན་ཁུལ”སོགས་ཀྱི་ས་ཁོངས་དང་དེ་བཞིན་མེ་ཟོན་རོགས་སྐྱོབ་ཀྱི་མེ་གསོད་མྱུལ་ཞིབ་འཕྲུལ་མི་དང་མེ་གསོད་རོགས་སྐྱོབ་སོགས་ཀྱི་སྒྲིག་ཆས་གཙོ་གནད་དུ་འགྲེམས་སྟོན་བྱས་པར་མ་ཟད། མང་ཚོགས་ཀྱིས་ད་དུང་དངོས་སུ་མེ་ཟོན་རོགས་སྐྱོབ་ཀྱི་གྱོན་ཆས་གྱོན་ཚུལ་དང་སྣུམ་གཞོང་ཆུང་གྲས་ཀྱི་མེ་གསོད་ནང་སྦྱོང་སོགས་རྣམ་པ་སྣ་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱར་ཉམས་ལེན་བྱས་ཡོད། བར་ཐག་ཉེ་ཤོས་ཀྱི་ཐོག་ནས་ཚན་རྩལ་མཐོ་བའི་མེ་ཟོན་སྒྲིག་ཆས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་ཀྱི་ཡོད་པ་དང་། འཚོལ་སྐྱོབ་ཁྱི་ཡི་འཁྲབ་སྟོན་ལ་ལྟ་ཐུབ་པར་མ་ཟད། དགོད་བྲོ་བའི་རོལ་རྩེད་སྣ་ཚོགས་ནང་ཞུགས་ཏེ། མེ་ཟོན་དོམ་ཆུང་དང་དྲིལ་བསྒྲགས་ལག་རྟགས་སྣ་ཚོགས་རང་ཁྱིམ་དུ་འཁྱེར་ཆོག་གི་ཡོད།
གྲོང་མི་སྒྲོལ་དཀར་གྱིས། རྒྱུན་གཏན་འཚོ་བའི་ཁྲོད་དུ་ང་ཚོས་མེ་ཟོན་གྱི་མི་མངོན་པའི་རྐྱེན་ངན་ཁག་ཅིག་ལ་སྣང་ཆུང་ཤོར་སྲིད། དེས་ན་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དེས་ང་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཐུབ་ཀྱི་ཡོད། ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག་བྱེད་པའམ་ཡང་ན་མེ་སྐྱོན་བྱུང་ཡུལ་དུ་ཡང་དག་པའི་ངང་སྲོག་ཉེན་ལས་ཐར་ཐབས་བྱེད་པ་སོགས་གང་དང་ཅི་ཞིག་ཡིན་རུང་ཚང་མ་ང་ཚོ་སྤྱི་དམངས་ཚང་མས་ངེས་པར་དུ་ཤེས་དགོས་པའི་རྒྱུན་ཤེས་ཤིག་རེད་ཅེས་བཤད།
གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཕྱོགས་བསྡུས་མཛུབ་ཁྲིད་ཁྲུའུ་ཡི་རིམ་པ་བཞི་པའི་བཀོད་འདོམས་པ་ལེའང་ཧྲེ་མིན་གྱིས།“119”དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་མཐའ་འཁྱོངས་བྱས་ནས་མེ་ཟོན་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ་སྔོན་འགོག་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། རྣམ་པ་སྣ་ཚོགས་ཀྱི་མང་ཚོགས་རང་བཞིན་གྱི་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་གསོ་སྦྱོང་བྱེད་སྒོ་སྤེལ་བ་བརྒྱུད། སྤྱི་དམངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་སྔར་བས་ཟབ་ཏུ་གཏོང་བ་དང་། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། མེ་ཟོན་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། མེ་ཟོན་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མེ་ཟོན་བདེ་འཇགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་ཅེས་བཤད།
མེ་ཟོན་བདེ་འཇགས་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་པས།“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་རིང་། རང་གྲོང་གིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས་གྲོང་ཁྱེར་ཡོངས་སུ་མེ་ཟོན་དྲིལ་བསྒྲགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社