分享按钮

ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྱིམ་བདག་དང་མཉམ་དུ་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་6ཉིན།ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲེང་ཀོན་ཆུས་སློབ་གསོ་ཅུས་དང་མཉམ་འབྲེལ་ཐོག་ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་གི་བཟའ་བཅའི་བདེ་འཇགས་ལས་བགོས་ཀྱི་སློབ་སྤྱི་དང་ཁྱིམ་བདག་གི་འཐུས་མི་སོགས་སྒྲིག་འཛུགས་བྱས་ནས་སློབ་གྲྭའི་ཟ་ཁང་གི་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་མཁན་ཁྲེང་ཀོན་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ལ་ཞིབ་བཤེར་བྱས་ཏེ་རྒྱ་ཆེའི་དགེ་སློབ་ཀྱི་བཟའ་བཅའི་བདེ་འཇགས་ལ་འབྱུང་རྩ་ནས་འགན་ལེན་བྱས་པ་རེད།

ཞིབ་བཤེར་བྱེད་རིང་།དགེ་རྒན་དང་ཁྱིམ་བདག་གི་འཐུས་མིས་བཟའ་བཅའི་ལྟ་སྐུལ་པ་ཞིག་བྱས་ནས་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་མི་སྣ་དང་མཉམ་དུ་དངོས་ཟོག་མཁོ་འདོན་ཚོང་པའི་མཁྲེགས་ཆས་དང་སྒྲིག་ཆས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་། བཟའ་བཅའ་ཉོ་སྒྲུབ་དང་།ཞིབ་བཤེར་རྩིས་ལེན།ལས་སྣོན།གཡོས་སྦྱོར་་སོགས་ཀྱི་བརྒྱུད་རིམ་ལ་ལྟ་སྐུལ་བྱས་པ་རེད།ཁྱིམ་བདག་གི་འཐུས་མི་བསམ་སྐྱིད་ཀྱིས་དེ་རིང་སློབ་མའི་ཟ་ཁང་གི་བཟའ་བཅའི་རྒྱུ་ཆ་ལས་སྣོན་བྱ་ཡུལ་དུ་ལྟ་སྐོར་བྱས་པ་ཡིན།སྐམ་ཟོག་ཁུལ་དང་སྔོ་ཚལ་དབྱེ་འབྱེད་ཁུལ་དང་ལྷག་པར་དུ་ཕག་ཤ་དང་ཚགས་ཤ་ལས་སྣོན་དང་ཐུམ་སྒྲིལ་ཁུལ་དུ་ལྟ་སྐོར་བྱེད་སྐབས།དོ་དམ་བྱེད་པའི་ཐད་གཞི་འཛིན་ས་དང་བཟའ་བཅའི་རྒྱུ་ཆ་ཚང་མ་ཁུངས་གཏུག་ས་ཡོད་པར་བརྟེན།ཁྱིམ་བདག་ཞིག་གི་ངོས་ནས་བརྗོད་ན་ཕྲུ་གུ་རྣམས་སློབ་གྲྭའི་ཟ་ཁང་དུ་ཟ་མ་བཟའ་བར་ཧ་ཅང་བློ་བདེ་པོ་འདུག་ཅེས་བཤད།

འདི་ལོ་ནས་བཟུང་།ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་འཛིན་ཞིབ་བཤེར་པ་ཁྱོན་མི་ཐེངས་200ལྷག་ཙམ་བཏང་སྟེ་ཤ་རིགས་སྡེབ་ཚོང་གཉེར་སྐྱོང་མཁན་120དང་།ཤ་སོས་པ་གཉེར་སྐྱོང་མཁན་44ལ་གཙོ་གནད་ཞིབ་བཤེར་བྱས་པ་དང་།གཉེར་སྐྱོང་མཁན་14ལ་ཡུལ་དངོས་སུ་བཅོས་སྒྲིག་བྱེད་དུ་བཅུག་པ་རེད།ད་ཐེངས་ཀྱི་མཉམ་འབྲེལ་ཞིབ་བཤེར་གྱིས་ཁྱིམ་ཚང་དང་། སློབ་གྲྭ།བཟའ་བཅའི་ལྟ་སྐུལ་དོ་དམ་སྡེ་ཚན་བཅས་དབར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་འཕྲོད་བསྟེན་གྱི་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།སློབ་གྲྭའི་ཟ་ཁང་གི་དོ་དམ་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ།སློབ་གྲྭའི་ཟ་ཁང་གི་ཚད་ལྡན་དོ་དམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སློབ་མའི་བཟའ་བཏུང་གི་བདེ་འཇགས་འགན་ལེན་བྱས་པ་རེད།

ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཟའ་བཅའ་ཁོའོ་ཡི་ཁོའོ་ཀྲང་དབྱངས་སྒྲོལ་གྱིས་ཕྱིས་འབྱུང་།ང་ཚོས་སློབ་གྲྭའི་བཟའ་བཅའ་དང་རྒྱུ་ཆ་མཁོ་སྤྲོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་།སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ཞིབ་ཚགས་སུ་གཏོང་བ།མ་བཅོས་རྒྱུ་ཆ་ཉོ་སྒྲུབ་དང་།ཟོག་འདྲེན་ཞིབ་བཤེར།ལས་སྣོན་གཡོས་སྦྱོར་སོགས་ཀྱི་ལས་དོན་ལ་གཙོ་གནད་དུ་ཤུགས་སྣོན་རྒྱག་པ། དངོས་ཟོག་མཁོ་འདོན་ཕྱོགས་ཀྱི་བཟའ་བཅའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

པར་འདི་ནི་སློབ་གྲྭ་དང་ཁྱིམ་བདག་གི་འཐུས་མིས་ཤའི་ཐོན་རྫས་ལས་སྣོན་འཁོར་ཁང་ལ་ཞིབ་བཤེར་བྱེད་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190751.html 1 ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྱིམ་བདག་དང་མཉམ་དུ་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱས་པ། /enpproperty-->