分享按钮

འཚོ་བ་གསར་པ་དང་རེ་བ་གསར་པ།

སྙེ་མོ་ཤང་གདོང་དཀར་གྲོང་ཚོའི་འདམ་རྡོའི་ཆུ་རུད་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་སྐོར་བཀོད་པ།

འདི་ལོའི་དབྱར་ཁར་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཆེན་པོ་ཞིག་གིས་སྙེ་མོ་རྫོང་སྙེ་མོ་ཤང་གདོང་དཀར་གྲོང་ཚོའི་ལྷིང་འཇགས་ཀྱི་འཚོ་བར་བརྡབ་གསིག་བཏང་ཡོད། ཟླ་བ་གསུམ་སོང་རྗེས།གསར་འགོད་པ་སླར་ཡང་གདོང་དཀར་གྲོང་ཚོར་སྐྱོད་སྐབས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་གཏན་ལྟར་སྐྱེལ་བཞིན་ཡོད་པ་མཐོང་བྱུང་།

གདོང་དཀར་གྲོང་ཚོའི་མདོ་ནས་ཐད་ཀར་གྲོང་ཚོའི་ནང་དུ་སྐྱོད་སྐབས། ལམ་གྱི་གཡས་གཡོན་དུ་གཙང་སེལ་བྱས་པའི་འདམ་རྡོའི་ཆུ་རུད་ཀྱི་ས་རྡོའི་ཁེངས་པ་དང་། གྲོང་ཚོའི་བར་གྱི་ལམ་བུ་གཙོ་བོ་ཤར་བགྲོད་ཐུབ་པ། མི་རིང་བའི་སར་ད་དུང་ས་འདྲུ་འཕྲུལ་འཁོར་གྱིས་ཞིང་ནང་གི་འདམ་རྡོའི་ཆུ་རུད་གཅིག་བསྡུས་ཀྱི་གཙང་སེལ་བྱེད་སར་སྐྱེལ་བཞིན་པ།གཏོར་སྐྱོན་ཕོག་པའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱང་ཉམས་བཟོ་བྱས་ཟིན་པ་བཅས་མཐོང་བྱུང་།

ཚེ་རིང་པ་སངས་ཀྱི་ཁྱིམ་ནི་ད་ཐེངས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་ཁང་པར་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་དུད་ཚང་ཞིག་རེད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདམ་རྡོའི་ཆུ་རུད་མ་ཐོན་གོང་ཁོང་གི་ཁྱིམ་གྱིས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཡོད་པ་དང་།དེ་ནི་ནང་མི་གསུམ་པོའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་དེ་རེད། ཚེ་རིང་པ་སངས་ཀྱིས་ཉིན་དེའི་དགོང་མོའི་ཆུ་ཚོད་11ལྷག་ཙམ་ལ་འདམ་རྡོའི་ཆུ་རུད་ཐོན་པས།ངའི་ཁྱིམ་དང་ཚོང་ཁང་ཚང་མར་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་སོང་། གྲོང་ཚོ་ཨུ་ལྷན་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་པས་ང་ཚོ་གྲོང་ཚོ་ཨུ་ལྷན་དུ་ཁྲིད་པ་དང་། ཉིན་གཉིས་པར་ཁྱིམ་མཚེས་ཀྱིས་ང་ཚོའི་ཁྱིམ་གྱི་ཚོང་ཟོག་ལྷག་མ་དང་ཁྱིམ་ཆས་གྲོང་ཚོ་ཨུ་ལྷན་དུ་སྤོ་རོགས་བྱས་བྱུང་ཞེས་བཤད་པ་རེད།

ཁོང་ཁྱིམ་གྱི་ཁང་པར་གཏོར་སྐྱོན་ཚབས་ཆེ་ཤོས་ཕོག་པས།ཤང་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་བེད་མེད་དུ་ལུས་པའི་ས་ཆ་ཞིག་ཁོང་ལ་སྤྲད་ནས་ཁང་པ་གསར་པ་རྒྱག་རོགས་བྱས་པ་དང་། དེར་ཐོག་སོ་གཉིས་ཡོད། མིག་སྔར་ཁང་པའི་སྒྲོམ་གཞི་གཙོ་བོ་བསྐྲུན་ཚར་ཉེར་ཡོད་པ་དང་།ཟླ་11པའི་ཟླ་མཇུག་ཏུ་ཁང་པའི་ནང་སྤོས་ཆོག ཁོང་གི་འཆར་གཞི་ལྟར་ན་ཁོང་ཐོག་སོ་གཉིས་པར་འདུག་རྒྱུ་དང་།འོག་ཏུ་ཁང་མིག་གཉིས་ཡོད་པ་ལས་གཅིག་ལ་ཇ་ཁང་ཞིག་འཛུགས་རྒྱུ་དང་།གཅིག་ལ་ཚོང་ཁང་ཆུང་ཆུང་ཞིག་འཛུགས་རྒྱུ་ཡིན་པ་རེད།

འདམ་རྡོའི་ཆུ་རུད་ཐོན་རྗེས། གདོང་དཀར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་གྱི་ཁང་པ་ཁ་ཤས་གནས་སྐབས་བཀོད་སྒྲིག་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གནས་སྐབས་སྡོད་གནས་སུ་བྱས་པ་རེད། ཁང་པ་གསར་པ་སྐྲུན་རིང་།ཚེ་རིང་པ་སངས་ཀྱི་ནང་མི་ཚང་མ་དེ་གར་སྡོད་ཀྱི་ཡོད་པ་དང་།གྲོང་ཚོ་ཨུ་ལྷན་གྱིས་ད་དུང་ཁོང་ཚོར་ཉལ་ཆས་དང་། བཟའ་བཅའ། འཐུང་ཆུ་སོགས་གཞི་རྩའི་འཚོ་བའི་དངོས་ཟོག་ཀྱང་མཁོ་འདོན་བྱས་ཡོད།

ཞོར་ཐོན་གནོད་འཚེ་སླར་ཡང་མི་ཐོན་པའི་འགན་ལེན་བྱ་ཆེད། སྙེ་མོ་ཤང་ཏང་ཨུད་ཀྱིས་འདམ་རྡོའི་ཆུ་རུད་ཐོན་རྗེས་འཕྲལ་སྡོམ་རོགས་སྐྱོབ་ལམ་སྲོལ་ལག་ལེན་དུ་བསྟར་ནས་འཕྲལ་དུ་འབྲུབ་འགོག་རོགས་སྐྱོབ་རུ་ཁག་སྐོང་ནས་གེགས་སེལ་ལས་དོན་སྤེལ་བ་དང་།དུས་མཚུངས་སུ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཕྲིན་ཕྲན་ཚོགས་པ་དང་། ཁ་པར། འཁར་རྔ་རྡུང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཆུ་ལོག་གི་གནས་ཚུལ་ཆ་འཕྲིན་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དུས་ཐོག་ཏུ་སྐྱེལ་བ་དང་འབྲེལ་ཉེན་ཁ་ཆེ་བའི་ས་ཁོངས་ཀྱི་གྲོང་མི་གནས་སྤོ་བྱ་རྒྱུའི་སྒྲིག་འཛུགས་ཀྱང་བྱས་པ་རེད། ད་ཐེངས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་ཡུལ་མིའི་ཁྲོད་དུ་ཤི་རྨས་གཅིག་ཀྱང་མེད་པས་འགག་རྩའི་རང་བཞིན་གྱི་ནུས་པ་ཐོན་ཡོད།

ཕྱོགས་གཞན་ཞིག་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་བྱ་ཆེད། སྙེ་མོ་རྫོང་ཤང་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་དང་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་སོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་གཏོར་སྐྱོན་ཕོག་པའི་འགྲོ་ལམ་དང་། ཟམ་པ། གློག་མཁོ་འདོན་སྐུད་ལམ། འཕྲིན་གཏོང་སྐུད་ལམ་བཅས་མྱུར་དུ་ཉམས་བཟོ་བྱས་ཤིང་། རིམ་རྩིས་བྱས་ན་མི་ཐེངས་6200ལྷག་ཙམ་དང་རྐོ་འདྲུའི་འཕྲུལ་འཁོར་ཆེ་གྲས་སོགས་ཐེངས་131བཏང་ཡོད་པ་རེད། དེ་དང་ཆབས་ཅིག་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་བྱེད་པའི་ཆེད་དོན་ཚོགས་ཆུང་དུས་ཐོག་ཏུ་བཙུགས་པ་དང་འགན་འཁྲིའི་ལས་བགོས་ལ་ནན་པོར་གཞིགས་ནས་ལས་དོན་སྤེལ་ཏེ།མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སླར་གསོ་དང་འགན་ལེན་བྱས་ཡོད་པ་རེད། སྙེ་མོ་ཤང་གདོང་དཀར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷག་པས།འདམ་རྡོའི་ཆུ་རུད་ཐོན་རྗེས་རྫོང་དང་ཤང་གིས་ང་ཚོར་རོགས་རམ་ཧ་ཅང་ཆེན་པོ་གནང་བྱུང་། མང་ཚོགས་ལ་སྡོད་ཁང་གསར་པའང་བརྒྱབ་པར་མ་ཟད། ཞིང་ནང་གི་བྱེ་འདམ་དང་རྡོ་སྙིགས་ཀྱང་གཙང་སེལ་བྱས་སོང་ཞེས་བཤད་པ་རེད།

ཉམས་ཆག་ཆེན་པོ་བྱུང་བའི་གདོང་དཀར་གྲོང་ཚོར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རོགས་སྐྱོར་འོག་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རིམ་གྱིས་འཕེལ་བཞིན་ཡོད། ཡུལ་མི་ཚོས་འབྱུང་འགྱུར་གྱི་འཚོ་བར་རེ་སྒུག་དང་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད། ཏང་གི་འགོ་ཁྲིད་འོག་དཀའ་ངལ་ཇི་ཙམ་འཕྲད་ཀྱང་མཐར་ཁོང་ཚོས་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་བསུ་རྒྱུ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་ཚེ་རིང་པ་སངས་ཚང་གིས་ཁང་པ་རྒྱག་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-09 སྙེ་མོ་ཤང་གདོང་དཀར་གྲོང་ཚོའི་འདམ་རྡོའི་ཆུ་རུད་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་སྐོར་བཀོད་པ། 6 6 拉萨日报藏文 c190675.html 1 འཚོ་བ་གསར་པ་དང་རེ་བ་གསར་པ། /enpproperty-->