分享按钮

རང་གྲོང་གིས་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་གི་ཆོད་དོན་བྱ་སྤྱོད་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་5ཉིན།གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་མཉམ་འབྲེལ་ཐོག་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་སོགས་བཙོག་འབུད་མང་བའི་འཁོར་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ།མཁའ་རླུང་གི་སྤུས་ཚད་ལེགས་སུ་བཏང་ནས་གྲོང་མིའི་བདེ་ཐང་ལ་འགན་ལེན་བྱས་པ་རེད།

ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ཁྲོད་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྐོར་ལམ་ལྷོ་ལམ་ཐོག་ཞིབ་བཤེར་ས་ཚིགས་བཙུགས་ནས་ཕར་འགྲོ་ཚུར་འོང་བྱེད་པའི་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་ལ་ཞིབ་བཤེར་ནན་པོ་བྱས་ཡོད།ཞིབ་བཤེར་གྱི་ནང་དོན་ནང་འཁོར་རིགས་ཀྱི་ཨང་རྟགས་དང་རིགས་སོགས་ཚུད་ཡོད་པར་མ་ཟད།མཇུག་རླངས་འབུད་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཡོད།ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ནང་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་11ལ་ཞིབ་དཔྱད་ཚད་ལེན་བྱས་པའི་ནང་རླངས་འཁོར་5ཡི་མཇུག་རླངས་ཚད་གཞི་མ་ལོན་པ་ཤེས་རྟོགས་བྱུང་ཡོད། ཚད་གཞི་མ་ལོན་པའི་འཁོར་རིགས་ལ་ཁྲིམས་འཛིན་པས་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་བཅད་པ་དང་འབྲེལ་འཁོར་བདག་ལ་བརྡ་ཐོ་བཏང་ནས་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱི་རུ་དཔོན་འབྲིང་བ་བཀྲ་ཤིས་ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན།མཇུག་རླངས་འབུད་ཚད་ཚད་ལས་བརྒལ་བའི་རླངས་འཁོར་ལ་འགྲིམ་འགྲུལ་ཉེན་རྟོག་ཚན་པས་ཁྲིམས་ལྟར་ཆད་པ་བཅད་པར་མ་ཟད།ད་དུང་ཁ་ལོ་བར་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་བཏང་ནས་ཁོང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།

བཀྲ་ཤིས་ནོར་བུས་སླད་ཕྱིན་ང་ཚོས་ཁྲིམས་འཛིན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མཇུག་རླངས་ཀྱི་དུ་བ་ཐོན་ཆེ་བའི་འཁོར་རིགས་ལ་བཅོས་སྒྲིག་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་ཀྱིས་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་གཙང་བ་དང་བདེ་འཇགས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

དེ་དང་ཆབས་ཅིག་ཆེད་དོན་བྱ་སྤྱོད་ཁྲོད་དམིགས་བསལ་སྐྱེལ་འདྲེན་ལས་རིགས་སུ་རླངས་འཁོར་རྙིང་པ་གཏོང་མཚམས་འཇོག་པའི་རང་བཤེར་རང་བཅོས་ལས་དོན་སྤེལ་ཞིང་། ད་ཆ་རླངས་འཁོར་རྙིང་པ་15གཏོང་མཚམས་བཞག་ནས་ཉར་ཡོད།

གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་ཁྲིམས་འཛིན་ཁོའོ་དང་པོའི་ཁོའོ་ཀྲང་གཞོན་པ་གཡང་འཛོམས་ཀྱིས་སླད་ཕྱིན་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་འབྲེལ་ཡོད་ཚན་པ་དང་མུ་མཐུད་ནས་ལས་སྒྲུབ་མཉམ་འགུལ་བྱས་ཏེ་ཆེད་དོན་ཞིབ་བཤེར་བྱ་སྤྱོད་སྣ་ཚོགས་མུ་མཐུད་ནས་སྤེལ་ཏེ།ཁྲའེ་ཡིའུ་སྣུམ་གྱི་ཟོག་དྲེན་རླངས་འཁོར་གྱི་མཇུག་རླངས་ཕྱིར་འབུད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱས་ཏེ་མཁའ་རླུང་གི་སྤུས་ཚད་ལེགས་སུ་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ཀྱིས་བཙོག་འབུད་མང་བའི་རླངས་འཁོར་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་བ་དང་།ཁ་ལོ་བའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བར་མ་ཟད།ད་དུང་གྲོང་མིར་དེ་བས་དྭངས་གཙང་དང་སྐྱོན་བྲལ་གྱི་འཚོ་བའི་ཁོར་ཡུག་ཅིག་ཀྱང་བཏོད་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་ཁྲིམས་འཛིན་མི་སྣས་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-09 6 6 拉萨日报藏文 c190676.html 1 རང་གྲོང་གིས་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་གི་ཆོད་དོན་བྱ་སྤྱོད་སྤེལ་བ། /enpproperty-->