ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་6ཉིན་གྱི་དགོང་མོ།ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་སློབ་གསོ་གྲོང་ཡན་ལག་སློབ་གྲྭས་དམངས་ཡོངས་ཀྱི་མེ་ཟོན་དང་ཚེ་སྲོག་གོང་དུ་བཀུར་བ་ཞེས་པ་གཙོ་དོན་དུ་བྱས་པའི་མཚན་མོའི་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་བྱས་ཤིང་། དངོས་ལྗོངས་ལད་ཟློས་བྱས་པ་བརྒྱུད། སློབ་མའི་མེ་ཟོན་དང་གནོད་འཚེ་ཉུང་གཏོང་དང་། རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། དགེ་སློབ་ཀྱིས་ཐོལ་བྱུང་གི་བདེ་འཇཊ་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་ཡོད།
ཉེན་བརྡའི་སྒྲ་གྲགས་པ་དང་བསྟུན་ནས་སློབ་གྲྭ་དེའི་སློབ་མ་རྣམས་དགེ་རྒན་གྱི་སྣེ་ཁྲིད་འོག སྒུར་སྒུར་ངང་སྣ་བཀབ་སྟེ། གཏན་འཁེལ་གྱི་ལམ་ཐིག་ལྟར་ཉལ་ཁང་སོ་སོ་ནས་བདེ་འཇགས་ངང་སློབ་གྲྭའི་ལུས་རྩལ་ཐང་དུ་ཕྱིར་འཐེན་བྱས་པ་དང་། དེའི་རྗེས་སུ་དགེ་རྒན་ཚོས་མི་གྲངས་རེ་རེ་བཞིན་གྲལ་བཤེར་བྱས་ནས་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཡོད། ཁ་འགྲེམས་བརྒྱུད་རིམ་ཧྲིལ་པོ་མགྱོགས་ལ་གོ་རིམ་ལྡན་པ་ཞིག་ཡོད། དེའི་ཐོག་ནས་སློབ་གྲྭ་དེའི་རྒྱུན་གཏན་གྱི་བདེ་འཇགས་སློབ་གསོའི་ཕན་འབྲས་གང་ལེགས་མངོན་གྱི་ཡོད། བྱེད་སྒོའི་མཇུག་ཏུ།ད་ཐེངས་ཀྱི་ནང་སྦྱོང་ལ་ཕྱོགས་བསྡོམས་བྱས་པ་དང་། སློབ་མ་ཚོས་ཁ་འགྲེམས་བརྒྱུད་རིམ་ཁྲོད་དུ་མགྱོགས་མྱུར་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་བྱས་པར་བསྔགས་བརྗོད་བྱས་པར་མ་ཟད། ད་དུང་ལྷག་པའི་གནད་དོན་དང་མི་འདང་ས་ཁག་ཅིག་ཀྱང་བསྟན་ཡོད།
ད་ཐེངས་ཀྱི་ནང་སྦྱོང་ནི་སློབ་གྲྭ་དེས་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་ས་ཚིགས་གཉིས་པ་དང་། ཚལ་གུང་ཐང་མངགས་གཏོང་ཁང་དང་མཉམ་དུ་སྤེལ་བའི་ཞག་སྡོད་ལམ་ལུགས་ཀྱི་མཚན་མོའི་གེགས་འགོག་དང་ཉུང་གཏོང་གི་ཁ་འགྲེམས་ནང་སྦྱོང་ཞིག་ཡིན་ཞིང་།དེས་ཞག་སྡོད་སློབ་མའི་མཚན་མོའི་འཕྲལ་སྡོམ་ཁ་འགྲེམས་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་དང་། སློབ་གྲྭའི་འཕྲལ་སྡོམ་ཁ་འགྲེམས་ཀྱི་སྒྲིག་འཛུགས་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་སློབ་གསོ་གྲོང་ཡན་ལག་སློབ་གྲྭ་བདེ་འཇགས་འཕྲོད་བསྟེན་གཞུང་ལས་ཁང་གི་ཀྲུའུ་རེན་བསྟན་འཛིན་ཚེ་རིང་གིས་ཕྱིས་འབྱུང་ང་ཚོས་སློབ་ཚན་འཚོགས་པ་བརྒྱུད། ཕྲུ་གུ་ཚོར་བདེ་འཇགས་ཤེས་བྱ་སློབ་ཁྲིད་བྱེད་པ་དང་དུས་མཚུངས་སུ་ནང་སྦྱོང་དེ་རིགས་བྱས་ནས་ཕྲུ་གུ་ཚོར་འཕྲལ་སྡོམ་བདེ་འཇགས་སྐོར་གྱི་ཤེས་བྱ་ཤེས་རྟོགས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社