ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་ཉམས་མྱོང་སྤེལ་རེས(གསོ་སྦྱོང)ཀྱི་ཡུལ་དངོས་ཀྱི་ཚོགས་ཞུགས་པ་རྣམས་མལ་གྲོ་གུང་དཀར་རྫོང་དུ་བསྐྱོད་དེ་སྐོར་ཞིབ་བྱས་ཤིང་།མལ་གྲོ་གུང་དཀར་རྫོང་གི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་ཚུལ་ལ་མཁྱེན་རྟོགས་གཏིང་ཟབ་དང་། ལས་ཀའི་ཉམས་མྱོང་ཐད་སྤེལ་རེས་བྱས་ཏེ།ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་བ་རེད།
བྱེད་སྒོ་སྤེལ་རིང་།བརྟག་ཞིབ་ཚོགས་ཆུང་དང་བཅས་པ་དབང་པོ་སྐྱོན་ཅན་གྱི་ལས་གཏོད་རོགས་སྐྱོར་ས་ཚིགས་དང་། དབང་པོ་སྐྱོན་ཅན་གྱི་ལས་གཏོད་དཔེ་སྟོན་ས་ཚིགས། ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སོགས་སུ་འཚམས་འདྲིར་བསྐྱོད་དེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དང་། ལས་གཏོད། སློབ་གསོ། དྲག་སྐྱེད། འཚོ་བའི་འགན་ལེན་སོགས་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། དབང་པོ་སྐྱོན་ཅན་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཏེ་ཁོང་ཚོའི་ལས་ཞུགས་དང་ལས་གཏོད་ཁྲོད་ཀྱི་དཀའ་ངལ་དང་དགོས་མཁོར་མཁྱེན་རྟོགས་བྱས་ནས་ཚང་མའི་ཡིད་ཆེས་བརྟན་དུ་བཏང་ནས་འཚོ་བའི་ཁྲོད་དུ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་གཏོད་དགོས་པའི་སྐུལ་མ་བཏང་བ་རེད། སྐོར་ཞིབ་བྱེད་རིང་།མལ་གྲོ་གུང་དཀར་རྫོང་གི་འབྲེལ་ཡོད་འགན་འཁུར་བས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་། ཐོགས་མེད་ཁོར་ཡུག་འཛུགས་སྐྲུན། རིག་གནས་སློབ་གསོ་སོགས་ཐད་ཀྱི་རྫོང་ཡོངས་ཀྱི་ཉམས་མྱོང་དང་བྱེད་ཐབས་ངོ་སྤྲོད་བྱས་པ་རེད། གསོ་སྦྱོང་ནང་ཞུགས་མཁན་ཚོས་ད་ཐེངས་ཀྱི་སྐོར་ཞིབ་བྱས་པ་བརྒྱུད་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་ཕྱིན་པར་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཉམས་མྱོང་རྩ་ཆེན་མང་པོ་ཤེས་བྱུང་བས།མལ་གྲོ་གུང་དཀར་རྫོང་གི་ཉམས་མྱོང་བཟང་པོར་སློབ་སྦྱོང་བྱས་ཏེ་ས་གནས་རང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་དབང་པོ་སྐྱོན་ཅན་གྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
གསོ་སྦྱོང་ནང་ཞུགས་མཁན་གཞིས་ཀ་རྩེ་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱི་ལས་འཛིན་གཞོན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ད་ཐེངས་ལྟ་སྐོར་བྱས་པ་བརྒྱུད།ང་ཚོས་དབང་པོ་སྐྱོན་ཅན་གྱི་ལས་ཀའི་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་མང་པོར་སློབ་སྦྱོང་བྱས་པས་དཔྱད་གཞིའི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་ད་ཐེངས་ཀྱི་སྐོར་ཞིབ་གྲུབ་འབྲས་གཞིས་རྩེར་ཁྱེར་ནས་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ཏེ།ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་།མལ་གྲོ་གུང་དཀར་རྫོང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཐབས་མང་མཉམ་སྤྱོད་དང་གནད་སྨིན་ཤུགས་འདོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་ལེན་ལམ་ལུགས་དང་གཅེས་སེམས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་།དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལྷག་པར་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དང་ལས་གཏོད་ཐད་མལ་གྲོ་གུང་དཀར་རྫོང་གིས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དབང་པོ་སྐྱོན་ཅན་གྱི་ལས་གཏོད་རྣམ་གྲངས་ཁག་ཅིག་ལ་རྒྱབ་སྐྱོར་བྱས་ཏེ། དབང་པོ་སྐྱོན་ཅན་ལ་ལས་ཞུགས་ཀྱི་བར་མཐོངས་དང་འཕེལ་རྒྱས་ཀྱི་ལས་སྟེགས་ཡངས་པོ་ཞིག་མཁོ་འདོན་བྱས་པ་རེད།
མལ་གྲོ་གུང་དཀར་རྫོང་དམངས་སྲིད་དང་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཅུས་ཀྱི་ཅུས་ཀྲང་དབྱངས་ཅན་ཚེ་རིང་གིས། མལ་གྲོ་གུང་དཀར་རྫོང་གིས་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྲིད་ཇུས་དང་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། དབང་པོ་སྐྱོན་ཅན་ལ་དེ་བས་ལེགས་པའི་འཚོ་བ་དང་ཞབས་ཞུ་ཧུར་ཐག་བསྒྲུབས་ཡོད། ད་ཐེངས་ཀྱི་བརྟག་ཞིབ་བརྒྱུད་ང་ཚོའི་ཉམས་མྱོང་དང་བྱེད་སྟངས་མཉམ་སྤྱོད་ཐུབ་པ་དང་ཆབས་ཅིག་ས་ཁུལ་དང་གྲོང་ཁྱེར་ཁག་གི་སྔོན་ཐོན་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་བྱས་ནས་ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社