分享按钮

ཆུ་སིམ་སོ་ཕག་འདིང་བའི་ལས་གྲྭ་གོ་རིམ་ལྡན་པའི་ངང་སྤེལ་ཏེ་གྲོང་ཁྱེར་གྱི་ཆུ་འབུད་རིམ་སྤོར་ལ་ཤུགས་སྣོན་བརྒྱབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་གྲོང་གི་ཆུ་སིམ་སོ་ཕག་འདིང་ཡུལ་དུ་ཚ་ཚ་འུར་འུར་ངང་ཨར་ལས་བྱེད་པའི་རྣམ་པ་ཞིག་ཐོན་ཡོད་པ་དང་། ཨར་ལས་པས་ངར་ཤུགས་གཅིག་སྒྲིལ་ངང་ནུས་ཤུགས་ཡོད་རྒུས་ལས་གྲྭའི་མྱུར་ཚད་ལ་སྐུལ་འདེད་གཏོང་བཞིན་ཡོད། ལས་གྲྭ་དེའི་དམིགས་ཡུལ་ནི་གྲོང་ཁྱེར་གྱི་ཆུ་འགྲོའི་མ་ལག་ལ་གསོན་ཤུགས་གསར་པ་བསྣན་ནས་ཁྱོན་ཡོངས་ནས་རིམ་སྤོར་བྱས་ཏེ། རྒྱ་ཆེའི་གྲོང་མི་ཚོའི་འཚོ་བའི་ཁོར་ཡུག་གི་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་ཡོད། ནོར་བུ་གླིང་ཁའི་ལམ་གྱི་བྱང་ངོས་མི་བགྲོད་ལམ་གྱི་ཆུ་སིམ་སོ་ཕག་འདིང་ཡུལ་དུ་བཟོ་པ་ཚོས་ལས་བགོས་ཁ་གསལ་དང་མཉམ་ལས་དམ་ཟབ་བྱེད་བཞིན་ཡོད་ཅིང་། བཟོ་པ་ཁག་ཅིག་གིས་ཆུ་སིམ་སོ་ཕག་རེ་རེ་བཞིན་གཏན་འཁེལ་གྱི་གནས་སུ་དབོར་གྱི་ཡོད་པ་དང་། ཁག་ཅིག་གིས་བྱང་ཆུབ་པོའི་ངང་ཆུ་སིམ་སོ་ཕག་འདིང་བའི་ལས་ཀ་བྱེད་བཞིན་ཡོད། ཁོང་ཚོས་ཨར་ལས་ཀྱི་ཚད་གཞིར་ནན་པོར་གཞིགས་ནས་སོ་ཕག་ཚང་མ་ཁོད་སྙོམས་པོའི་ངང་བཏིང་སྟེ་རྗེས་མཐུད་ཆུ་སིམ་པའི་ཕན་འབྲས་ཡག་ཤོས་ཐོན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཚོགས་པ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཀྱི་སྤྱི་གཉེར་ཁྲེན་ཅ་ལིན་གྱིས། མིག་སྔར་བཏིང་བའི་སོ་ཕག་ལ་དགེ་མཚན་གསུམ་ཡོད་པ་སྟེ། གཅིག་ནི་བདེ་འཇགས་ཐད་ཡིན། དེ་ཡང་། དེ་སྔའི་སོ་ཕག་གི་ཕྱི་ངོས་ནི་རྫ་དཀར་གྱི་ཕྱི་ངོས་དང་འདྲ་པོ་ཡོད་པ་དང་། ད་ལྟའི་སོ་ཕག་གི་ཕྱི་ངོས་སུ་ཕ་ལམ་ཕྱེ་མའི་རིམ་པ་ཞིག་ཡོད་པས། རྐང་པ་དང་ས་ངོས་བར་གྱི་བརྡར་ཤུགས་ཇེ་ཆེར་གཏོང་ཐུབ་ལ། ལམ་ངོས་སུ་བརླན་ནས་འདྲེད་བརྡབ་ཤོར་བ་སོགས་ཀྱི་གནས་ཚུལ་སྔོན་འགོག་བྱེད་ཐུབ་ཀྱི་ཡོད། གཉིས་ནི་ཆེ་ཆུང་ཆེ་རུ་ཕྱིན་པའི་ཐད་ཡིན། དེ་ཡང་། དེ་སྔའི་ས་ཕག་གི་ཆེ་ཆུང་ལ་ལི་སྨི་20x20འམ་ཡང་ན་ལི་སྨི་30x60དང་། མཐུག་ཚད་ལ་ལི་སྨི་5ནས་6བར་ལས་མེད་མོད། ད་ལྟ་བཀོལ་བཞིན་པའི་ས་ཕག་གི་ཆེ་ཆུང་ལ་ལི་སྨི་30x70དང་། མཐུག་ཚད་ལ་ལི་སྨི་10ཡོད། སོ་ཕག་གི་གནོན་ཤུགས་འགོག་པའི་ཤུགས་ཚད་ཇེ་དྲག་ཏུ་གཏོང་ཐུབ་པ་དང་། བཀོལ་སྤྱོད་ཀྱི་དུས་ཡུན་ཇེ་མང་དུ་གཏོང་ཐུབ་ཀྱི་ཡོད། གསུམ་ནི་ཆུ་སིམ་ཤུགས་ཆེ་རུ་ཕྱིན་པའི་ཐད་ཡིན། དེ་ཡང་། ཆར་ཆུ་ས་ངོས་སུ་ཐིམ་སྐབས་ས་འོག་གི་ཆུ་ཁ་གསབ་བྱེད་ཐུབ་ཀྱི་ཡོད་པས་ཁོར་ཡུག་དང་ཕན་ཚུན་མཐུན་སྦྱོར་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།

མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་ཆུ་སིམ་སོ་ཕག་འདིང་པའི་ལས་གྲྭ་སྤྱིའི་བརྒྱ་ཆ་83.19ལེགས་གྲུབ་ཟིན་པ་དང་། ཆུ་སིམ་སོ་ཕག་འདིང་པའི་ལས་གྲྭ་10དང་འབྲེལ་བ་ཡོད། དེའི་ནང་ཀླུ་སྡིངས་ལམ་དང་། པེ་ཅིང་ལམ། གླིང་སྐོར་ནུབ་ལམ། གླིང་སྐོར་བྱང་ལམ། ནོར་བུ་གླིང་ཁའི་ཡན་ལག་བྱང་ལམ། ནོར་བུ་གླིང་ཁའི་ཡན་ལག་ལྷོ་ལམ། རྒྱ་མཚོ་ལམ། ནོར་བུ་གླིང་ཁའི་ལམ། བཅིངས་འགྲོལ་ནུབ་ལམ། གླིང་སྐོར་ཤར་ལམ་བཅས་ཚུད་ཡོད། དེའི་ནང་ནས་བཅིངས་འགྲོལ་ནུབ་ལམ་བཏིང་ཟིན་པ་དང་འབྲེལ་བེད་སྤྱོད་ཀྱང་བྱེད་བཞིན་ཡོད་པ་དང་། ལམ་དུམ་གཞན་རྣམས་སྔོན་དཔག་བྱས་ན་ཟླ་11པའི་ཟླ་དཀྱིལ་ལམ་ཟླ་སྨད་དུ་ཚང་མ་ལས་མཇུག་འགྲིལ་རྒྱུ་རེད། སྐབས་དེ་དུས་རང་གྲོང་གི་རྣམ་པ་གསར་རྐྱང་དུ་འགྱུར་རྒྱུ་དང་། རྒྱ་ཆེའི་གྲོང་མི་ཚོས་ལས་གྲྭ་དེ་ལས་བྱུང་བའི་སྟབས་བདེ་དངོས་སུ་མྱོང་རོལ་ཐུབ་ནས་ཚང་མའི་ཕྱིར་སྐྱོད་ཀྱི་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་དོད་ཚད་མཐོ་རུ་འགྲོ་རྒྱུ་རེད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

པར་འདི་ནི་ལས་དོན་པས་ཆུ་སིམ་སོ་ཕག་གཏུབ་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 6 6 拉萨日报藏文 c190530.html 1 ཆུ་སིམ་སོ་ཕག་འདིང་བའི་ལས་གྲྭ་གོ་རིམ་ལྡན་པའི་ངང་སྤེལ་ཏེ་གྲོང་ཁྱེར་གྱི་ཆུ་འབུད་རིམ་སྤོར་ལ་ཤུགས་སྣོན་བརྒྱབ་པ། /enpproperty-->