ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་4ཉིན། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཟའ་འཁོར་གོང་མར། རང་གྲོང་གི་ས་གནས་ཁག་ཏུ་གནམ་དྭངས་ཤིང་སྤྲིན་པ་ཉུང་བ་དང་། བར་དཀྱིལ་དང་དུས་མཇུག་ཏུ་མལ་གྲོ་གུང་དཀར་རྫོང་གི་ཤར་རྒྱུད་ཀྱི་བར་ལ་སོགས་ས་བབ་མཐོ་བའི་ས་ཁུལ་དུ་གངས་ཐར་ཐོར་བབས་ཡོད། གཟའ་འཁོར་འདིར་འདམ་གཞུང་རྫོང་དང་སྙེ་མོ་རྫོང་སོགས་སུ་ལྷགས་པ་ཅུང་ཆེན་པོ་རྒྱག་རྒྱུ་དང་། ཆར་ཆུ་འབབ་ཚད་རྒྱུན་གཏན་གྱི་དུས་མཚུངས་དང་བསྡུར་ན་ས་གནས་ཁག་ཚང་མར་ཅུང་ཉུང་དུ་འགྲོ་རྒྱུ་ཡིན་པ། གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད་དེ་ལོ་ལྟར་གྱི་དུས་མཚུངས་ལས་མང་ཆེ་བ་ཧྲེ་ཧྲི་ཏུའུ་2ནས་3བར་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།
གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་དཔག་བྱས་ན་གཟའ་འཁོར་འདིའི་དུས་མཚམས་གོང་མར་རང་གྲོང་དུ་ཆར་པ(གངས)འབབ་པའི་གནམ་གཤིས་བསྟན་རྒྱུ་དང་ཆབས་ཅིག་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་དམའ་རུ་འགྲོ་རྒྱུ་ཡིན་པ་རེད། ས་གནས་ཁག་ཏུ་གཟའ་འཁོར་འདིའི་ནང་ཆ་སྙོམས་ཆར་ཆུ་འབབ་ཚད་ཅུང་མང་བ་དང་། གཟའ་འཁོར་གྱི་ཆ་སྙོམས་དྲོད་ཚད་རྒྱུན་ལྟར་ཡིན། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི་གཟའ་ཟླ་བ་ནས་གཟའ་ལྷག་པའི་བར། རང་གྲོང་དུ་གངས་ཆུང་བ(ཆར་པ)འམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། སྙེ་མོ་རྫོང་གི་བྱང་རྒྱུད་དང་། མལ་གྲོ་གུང་དཀར་རྫོང་གི་ས་ཆ་མང་ཆེ་བ། ལྷུན་གྲུབ་རྫོང་གི་བྱང་ཤར་རྒྱུད་སོགས་ས་བབ་མཐོ་བའི་ཤང་གྲོང་རྡལ་དུ་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ་དང་། གཟའ་ཕུར་བུ་ནས་གཟའ་ཉི་མའི་བར། རྫོང(ཆུས)ཁག་ཏུ་གནམ་དྭངས་བ་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ་རེད།
གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་དུས་མཚམས་གོང་མར། རང་གྲོང་དུ་གངས་བབས་ནས་དྲོད་ཚད་ཅུང་མངོན་གསལ་དོད་པོས་དམའ་རུ་འགྲོ་རྒྱུ་དང་། ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་ཏུ་གཤུགས་ཚད་ཆེ་བ་ཡོད། འགྲིམ་འགྲུལ་ཐད་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེ་བས། གངས་གསོག་དང་འཁྱགས་པ་ཐེབས་སླ་བས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འགན་ལེན་དང་གྲང་འགོག་དྲོད་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས། གཟའ་འཁོར་གྱི་དུས་མཚམས་རྗེས་མའི་ཕྱིར་དྲོ་ཐོལ་རླུང་ལྡང་བ་མང་བ་དང་། སྐམ་ཤས་ཆེ་བ། གནམ་གཤིས་ཀྱི་མེ་སྐྱོན་གྱི་ཉེན་ཁའི་རིམ་པ་ཅུང་མཐོ་བ་བཅས་ཡོད་པས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མེ་བེད་སྤྱོད་བཅས་ཀྱི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社