分享按钮

དགུན་དུས་སུ་འཛད་སྤྱོད་འཛིན་ཤོག་སྤྲད་པ་ལས་གྲོང་མི་ཚོར་ཕན་པ་ཆེན་པོ་ཐོབ་པ།

(པར་ངོས་དང་པོར་མཐུད)སྨི་ངོས་གྲུ་5000ཙམ་ཡོད་པའི་ཚོང་ཁང་ནང་བཟའ་བཅའ་དང་།བརྒྱ་ཟོག འཁྲུད་རྫས་བྱུག་རྫས།ཤ་རིགས་སྔོ་ཚལ་སོས་པ་བཅས་ཁུལ་བཞི་ལ་དབྱེ་ཡོད་པ་དང་།རིགས་ཁག་གི་ཚོང་ཟོག་30000ལྷག་ཙམ་ཡོད་པ་དེ་དག་གྲོང་མིའི་རྒྱུན་གཏན་འཚོ་བའི་ཕྱོགས་གང་ཅིའི་ཐད་ཁྱབ་ཡོད་ཅིང་།ད་ཐེངས་ཀྱི་འཛད་སྤྱོད་འཛིན་ཤོག་སྤྲད་པ་དེས་གྲོང་མི་མི་ཉུང་བ་ཞིག་དངོས་ཟོག་ཉོ་བར་ཡོང་གི་ཡོད་པ་དང་།ཁོང་ཚོས་ཚོང་ཁུལ་ཁག་ཏུ་རང་ཉིད་ལ་མཁོ་བའི་ཚོང་ཟོག་གདམ་ག་བྱེད་ཀྱི་ཡོད་པ་རེད།གྲོང་མི་ཚོས་འཛད་སྤྱོད་འཛིན་ཤོག་སྤྱད་དེ་ཉོ་སྒྲུབ་བྱས་ན་ཕན་ཐོགས་ཆེན་པོ་འདུག ཁོང་ཚོས་འཚོ་བའི་མཁོ་ཆས་ཉོ་སྐབས་འགྲོ་སོང་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་པ་དེ་ནི་དངོས་འབྲེལ་ཕན་པ་དངོས་དང་སྟབས་བདེ་ཞིག་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།གྲོང་མི་སྐུ་ཞབས་ཁྲེན་ལགས་ཀྱིས་ད་ཐེངས་འཛད་སྤྱོད་སྒོར་200ཟིན་ན་ཁ་གསབ་སྒོར་60སྤྲོད་པའི་འཛད་སྤྱོད་འཛིན་ཤོག་གཅིག་རག་བྱུང་།བྱས་ཙང་གྲོགས་པོ་དང་མཉམ་དུ་དངོས་ཟོག་ཉོ་བར་ཡོང་བ་ཡིན།འཚོ་བའི་མཁོ་ཆས་འགའ་ཞིག་ཉོ་སྒྲུབ་བྱས་པས་རྣམ་ཀུན་ལས་གོང་ཁེ་བ་འདུག རྗེས་སུ་ངས་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུར་མུ་མཐུད་དོ་ཁུར་ཆེན་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

འཛད་སྤྱོད་འཛིན་ཤོག་གི་གཟིགས་སྐྱོང་བྱེད་སྒོ་ཕུད།ཧྲེང་མེ་ཅ་སྒོ་རྩིས་ཚོང་ཁང་སེ་ར་ལམ་ཚོང་ཁང་གིས་ད་དུང་ཟླ་ཕྱེད་ལ་ཁྲོམ་ར་ཡོངས་སུ་གཟིགས་སྐྱོང་བྱེད་སྒོ་ཐེངས་རེ་སྤེལ་བར་མ་ཟད།གཟའ་འཁོར་རེར་དམིགས་བསལ་ས་ཁོངས་ཀྱི་གཟིགས་སྐྱོང་བྱེད་སྒོ་ཡང་སྤེལ་གྱི་ཡོད་པ་རེད།སྒོ་རྩིས་ཚོང་ཁང་གིས་སྣ་ཁ་མི་འདྲ་བའི་ཁྲོད་ནས་སྤུས་ལེགས་ཚོང་ཟོག་བདམས་ཏེ་རིན་གོང་བཅག་ནས་འཚོང་གི་ཡོད་པ་དང་དུས་མཚུངས་ད་དུང་གོང་ཚད་ཁེ་པོ་དང་གཅིག་ཉོས་ན་གཅིག་སྤྲོད་པ་སོགས་ཀྱི་བྲིན་ཚོང་བྱེད་སྒོ་ཡང་སྤེལ་གྱི་ཡོད།བྱེད་སྒོ་ཉིས་རྩེག་སྤེལ་བའི་བྱེད་སྟངས་བརྒྱུད་གྲོང་མི་མང་ཚོགས་ཚོར་དེ་བས་མང་བའི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་བྱུང་བར་མ་ཟད།ཁོང་ཚོའི་ཚོང་ཟོག་ཉོ་བའི་གདམ་ག་དེ་བས་མང་དུ་ཕྱིན་ནས་གྲོང་མིའི་དངོས་ཟོག་ཉོ་སྒྲུབ་ཀྱི་ཉམས་ལེན་ཡང་མང་དུ་འགྲོ་ཡི་ཡོད་པ་རེད།གྲོང་མི་ཉི་ཚའེ་ཞས་རང་ཉིད་སྒོ་རྩིས་ཚོང་ཁང་གི་ཉེ་འགྲམ་དུ་སྡོད་ཀྱི་ཡོད།ཉིན་ལྟར་སྒོ་རྩིས་ཚོང་ཁང་དེར་འཚོ་བའི་མཁོ་ཆས་ཉོ་བར་ཡོང་གི་ཡོད།ངས་ད་ཐེངས་ཅ་ལག་མི་ཉུང་བ་ཞིག་ཉོས་པར་འཛད་སྤྱོད་འཛིན་ཤོག་སྤྱད་པས་དངུལ་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་སོང་།དངོས་འབྲེལ་ཕན་ཐོགས་ཆེན་པོ་འདུག ང་ཚོའི་འཛད་སྤྱོད་ཀྱི་སྤྲོ་སེམས་ཀྱང་འཕེལ་བྱུང་ཞེས་བཤད།

ད་རེས་ཁྲེང་ཀོན་ཆུས་ཀྱི་དགུན་དུས་ཀྱི་འཛད་སྤྱོད་དུས་ཚིགས་སུ་གཟའ་འཁོར་རེར་དགའ་བས་ཉོ་སྒྲུབ་བྱེད་ཅེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱེད་སྒོ་དེ་ཟླ་11ཚེས་1ཉིན་ནས་འགོ་བཙུགས་ཏེ་གཟའ་པ་སངས་ཚང་མར་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུ་ཡིན་པ་དང་།དེ་དག་ཚོང་ར་ཆེན་མོ་དང་སྒོ་རྩིས་ཚོང་ཁང་།རྡོ་སྣུམ།བཟའ་བཏུང་བཅས་ཁྱོན་ཡོངས་ལ་ཁྱབ་པ་དང་།ལྷ་སར་ཡོད་པའི་མང་ཚོགས(ལྗོངས་ཕྱི་ནས་ཡོང་བའི་མི་ཚུད་པ)ཀྱིས་ལག་ཐོགས་ཁ་པར་སྤྱད་དེ་འཛིན་ཤོག་ཧབ་ཐོག་ནང་ཞུགས་ཆོག་པ་དང་།ཁེ་ལས་ཀྱི་སྤྱོད་མཁན་དེའི་ནང་ཞུགས་ཆོག་གི་མེད་པ་རེད།ཁ་གསབ་ཀྱི་ཚད་གཞི་ནི་འཛད་སྤྱོད་སྒོར་200ལོན་ན་ཁ་གསབ་སྒོར་60སྤྲོད་རྒྱུ་དང་སྒོར་300ལོན་ན་ཁ་གསབ་སྒོར་100སྤྲོད་རྒྱུ་ཡིན་ཞིང་།ཐེངས་གཅིགས་ལས་བེད་སྤྱོད་བྱ་རྒྱུ་མེད།ད་ཐེངས་ཀྱི་བྱེད་སྒོས་ཁོངས་གཏོགས་ཁུལ་གྱི་ཁྲོམ་ར་སྣ་མང་ཅན་གྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་པ་དེའི་དམིགས་ཡུལ་ནི་ཇུས་འགོད་ཞིབ་ཚགས་བྱས་པའི་འཛད་སྤྱོད་ཀྱི་ལྕག་སྐུལ་བྱེད་ཐབས་རབ་དང་རིམ་པ་བརྒྱུད།འཛད་སྤྱོད་པར་དངོས་དངོས་རྗེན་རྗེན་གྱི་གཟིགས་སྐྱོང་དང་སྟབས་བདེ་བསྐྲུན་རྒྱུ་དེ་ཡིན་པ་རེད།ཧྲེང་མེ་ཅ་སྒོ་རྩིས་ཚོང་ཁང་སེ་ར་ལམ་ཚོང་ཁང་གི་འགན་འཁུར་བ་ཧྲི་ཝུའེ་ཧའོ་ཡིས་ད་ཐེངས་ཀྱི་འཛད་སྤྱོད་འཛིན་ཤོག་སྤྲད་ཚུན།གཟའ་འཁོར་གོང་མ་དང་བསྡུར་ན་ཉིན་རེར་ཆ་སྙོམས་ཕྱིར་ཚོང་དངུལ་གྲངས་བརྒྱ་ཆ་35.5འཕར་བ་དང་།འཛད་སྤྱོད་པའི་མངགས་ཉོ་བྱེད་ཚད་བརྒྱ་ཆ་26འཕར་བ།ཚོང་ཁང་དུ་ཡོང་མཁན་མི་གྲངས་བརྒྱ་ཆ་30འཕར་བ་བཅས་བྱུང་ཡོད།ང་ཚོས་ཀྱང་མུ་མཐུད་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་མི་ཚོར་དེ་བས་ཕུན་སུམ་ཚོགས་པའི་ཚོང་ཟོག་དང་དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་དང་།དེ་དང་ཆབས་ཅིག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱེད་སྒོ་སྣ་ཚོགས་ནང་མུ་མཐུད་ཞུགས་ནས་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསར་འགོད་པར་བཤད་བྱུང་།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190507.html 1 དགུན་དུས་སུ་འཛད་སྤྱོད་འཛིན་ཤོག་སྤྲད་པ་ལས་གྲོང་མི་ཚོར་ཕན་པ་ཆེན་པོ་ཐོབ་པ། /enpproperty-->