ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་1ཉིན་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་གཉེར་བྱས་པའི་དམིགས་བསལ་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་།ད་ཐེངས་ཀྱི་གསོ་སྦྱོང་གི་དུས་ཡུན་ནི་ཉིན་གཅིག་རེད། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སྤུས་ཚད་ལྟ་སྐུལ་ཁོའོ་ཡི་ལས་དོན་པ་དང་།ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་དམིགས་བསལ་སྒྲིག་ཆས་ཀྱི་ལས་དོན་པ།དམིགས་བསལ་སྒྲིག་ཆས་སྤྱོད་མཁན་ཚན་པ་སོགས་ཁྱོན་མི་120གསོ་སྦྱོང་ནང་ཞུགས་ཡོད།
སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་འབྲེལ་ཡོད་འགན་འཁུར་བས།གསོ་སྦྱོང་ནང་ཞུགས་མཁན་སློབ་མར་ངོས་འཛིན་ཟབ་ཏུ་བཏང་ནས་སློབ་སྦྱོང་གི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་དགོས་པ་དང་། སྦྱངས་པ་གོ་ཆོད་ཡོང་བར་བྱས་ནས་སྦྱངས་པའི་ཤེས་བྱ་དག་དོན་དངོས་ཀྱི་ལས་ཀའི་ནང་སྤྱོད་དགོས་པར་མ་ཟད།གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མ་ཚོས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་ཀྱིས་རང་ངོས་ཀྱི་ལས་སྒོའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ།ཁྲེང་ཀོན་ཆུས་ཀྱི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་འགན་ལེན་ལས་དོན་ལ་རྨང་གཞི་བརྟན་པོ་འདིང་བ་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སྤུས་ཚད་ལྟ་སྐུལ་ཁོའོ་ཡི་ཁོའོ་ཀྲང་དར་སྐྱིད་ཀྱིས།ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་ནི་དམིགས་བསལ་སྒྲིག་ཆས་ཀྱི་ལྟ་སྐུལ་དོ་དམ་པ་དང་ལས་ཞུགས་པའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དོ་དམ་སྐོར་གྱི་རྒྱལ་ཁབ་ཀྱི་གཏན་འབེབས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལ་རྒྱུས་མངའ་ཡོད་པ།དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་རྩལ་ནུས་བཀོལ་སྤྱོད་དང་སྲུང་སྐྱོང་སོགས་ཀྱི་རྩལ་ནུས་ཁོང་དུ་ཆུད་པ།འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ། འགོག་སྲུང་དང་སྔོན་འགོག་ཐག་གཅོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་དེ་ཡིན་ཞེས་བཤད།
ད་ཐེངས་ཀྱི་གསོ་སྦྱོང་ནང་སི་ཁྲོན་ཅིང་ཀྲུན་དམིགས་བསལ་སྒྲིག་ཆས་ཞིབ་དཔྱད་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་བྱས་པ་དང་།སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་དམིགས་སའི་རང་བཞིན་ཡང་ལྡན་ཡོད། དེའི་ནང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དོ་དམ་འཕྲུལ་གློག་རིགས་དང་། ས་གནས་ས་ཐོག་གི་ལྟ་ཞིབ་དང་འཕྲུལ་གློག་རིགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། རྒྱུན་གཏན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཚུད་ཡོད་པར་མ་ཟད།སློབ་མ་ཚོའི་ལས་སྒོའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུར་རོགས་རམ་ཡང་བྱས་ཡོད།གསོ་སྦྱོང་ནང་ཞུགས་མཁན་སློབ་མ་དང་ཁྲེང་ཀོན་ཆུས་མཐུན་སྦྱོར་གཤེར་རླངས་ས་ཚིགས་ཀྱི་ཀྲན་ཀྲང་ཅང་ཏའོ་ཧུང་གིས་ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ད་ཐེངས་ཀྱི་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་ང་ཚོས་དེ་བས་གོ་རིམ་ལྡན་པ་དང་དེ་བས་སྔོན་ཐོན་གྱི་ཤེས་བྱར་སློབ་སྦྱོང་ཡག་པོ་ཐུབ་པར་མ་ཟད།ལས་དོན་དངོས་ནང་བེད་སྤྱོད་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ཉུང་དུ་བཏང་ནས་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འདོན་ཐུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
སླད་ཕྱིན།ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ད་ཐེངས་ཀྱི་གསོ་སྦྱོང་དེ་གོ་སྐབས་སུ་བྱས་ནས་ཕུགས་ཕན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཁེ་ལས་ཀྱི་རྗེས་མཐུད་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྦྱངས་པའི་ཤེས་བྱ་རྣམས་དོན་དངོས་ཐོག་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།དེ་དང་ཆབས་ཅིག་གཙོ་གནད་ཁུལ་གྱི་དམིགས་བསལ་སྒྲིག་ཆས་ལ་ཞིབ་བཤེར་བྱེད་ཐེངས་མང་དུ་གཏོང་བ་དང་གསོ་སྦྱོང་དེ་རིགས་རྒྱུན་མཐུད་ངང་སྤེལ་ནས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社