ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་1ཉིན། ལྷ་ས་གྲོང་ཁྱེར་གྱི་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཅུས་དང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་དམག་ཞབས་ཐིམས་ཀྱང་སྙིང་སྟོབས་མི་ཉམས་པར་ལས་ཞུགས་བྱས་ནས་འབྱུང་འགྱུར་གཏོད་ཅེས་པའི་ལྷ་ས་གྲོང་ཁྱེར་གྱི་2024ལོའི་སྟོན་དུས་ཀྱི་དམག་ཞབས་ཐིམས་པའི་དམག་མི་དང་དམག་མིའི་ནང་མིའི་ཆེད་དོན་གདན་ཞུའི་འདུ་ཚོགས་འཚོགས་ནས་ལས་ཞུགས་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་ངང་སྦྲེལ་མཐུད་བྱས་ཏེ།དམག་ཞབས་ཐིམས་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་རམ་འདེགས་བྱས་ཡོད།
ཉིན་དེའི་སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་གསར་འགོད་པར་གདན་ཞུའི་འདུ་ཚོགས་འཚོགས་ཡུལ་དུ་དམག་ཞབས་ཐིམས་པའི་དམག་མི་དང་དམག་མིའི་ནང་མི་འདི་གར་རང་ཉིད་དགའ་མོས་ཡོད་པའི་ལས་གནས་ཐད་མི་སྤྱོད་ཚན་པ་དང་འབྲེལ་གཏུགས་བྱས་ནས་ཤེས་རྟོགས་དེ་བས་གཏིང་ཟབ་བྱེད་བཞིན་ཡོད་པ་དང་།མི་སྤྱོད་ཚན་པའི་ལས་དོན་པས་ངང་རྒྱུད་རིང་པོའི་ངང་ནས་དམག་ཞབས་ཐིམས་པའི་དམག་མི་དང་དངོས་ཞབས་དམག་མིའི་ནང་མིར་ལས་གནས་ཀྱི་ཆ་འཕྲིན་དང་ཀུང་སིའི་དགོས་མཁོ་ངོ་སྤྲོད་བྱེད་བཞིན་པ་མཐོང་ཡོད།ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ཐོག་མཁོ་འདོན་བྱས་པའི་ལས་གནས་ལ་ཟླ་རེའི་གླ་ཕོགས་སྒོར་3000ནས་སྒོར་6000བར་མི་འདྲ་བ་ཡོད་པ་དང་།སློབ་རྒྱུས་ཀྱི་བླང་བྱའི་ཐད་དམག་ཞབས་ཐིམས་པའི་དམག་མི་ལ་མཐོ་རིམ་སློབ་འབྲིང་དང་དེའི་ཡན་བར་ལྷུག་གཏོང་བྱས་ཡོད།
དམག་ཞབས་ཐིམས་པའི་དམག་མི་རྡོ་རྗེས།རང་ཉིད་ལོ་26ཡིན་པ་དང་།ཕ་ཡུལ་འདམ་གཞུང་ནས་ཡིན། དམག་ཁོངས་ནས་དམག་ཞབས་ཐིམས་མ་ཐག་ཡིན་པ་དང་།བྱས་རྗེས་རིམ་པ་གསུམ་པ་ཐོབ་མྱོང་ཡོད། མིག་སྔར་བདེ་སྲུང་བའམ་ཡང་ན་ང་ལ་འཚམ་པའི་ལས་གནས་གཞན་ཞིག་འཚོལ་འདོད་ཡོད། ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ནང་ལས་རིགས་སྣ་མང་ཡོད་པས་ལས་གནས་ཐད་གདམ་ག་མང་པོ་བྱེད་ཆོག་གི་ཡོད། སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
གདན་ཞུའི་འདུ་ཚོགས་འཚོགས་ཡུལ་དུ་རྡོ་རྗེ་དང་དམག་གཏོད་ཁེ་ལས་ཤིག་གི་གདན་ཞུའི་འགན་འཁུར་བའི་ལས་དོན་པ་ཞའོ་ཀྲོའུ་དབར་འབྲེལ་གཏུགས་དང་སྤེལ་རེས་ཧུར་ཐག་བྱས་ཡོད།ཞའོ་ཀྲོའུ་ཡིས།དམག་ཞབས་ཐིམས་པའི་དམག་མིས་དཔུང་སྡེའི་ནང་སྦྱོང་བརྡར་བྱས་པའི་ཉམས་མྱོང་ལས་ཁོང་ཚོ་ཚོགས་པ་དང་མཉམ་ལས་བྱེད་མཁས་པོ་ཡོད་ལ།འགན་འཁྲི་འཁུར་སེམས་ཀྱང་དེ་བས་ཆེན་པོ་ཡོད་པ་མངོན་གྱི་ཡོད། ང་ཚོའི་ཁེ་ལས་ལ་ཤེས་ལྡན་པ་དེ་འདྲ་དགོས་ཀྱི་ཡོད།ད་ཐེངས་སྲིད་གཞུང་གིས་བཏོད་པའི་ལས་སྟེགས་དེས་ང་ཚོར་དམག་ཞབས་ཐིམས་པའི་དམག་མི་བསྡུ་བའི་གོ་སྐབས་སྤྲད་པས།ང་ཚོའི་ཁེ་ལས་ལ་འཚམ་པའི་ཤེས་ལྡན་པ་དེ་བས་མང་བ་བསྡུ་ཐུབ་ཀྱི་ཡོད་ཅེས་བཤད།
ལྷ་ས་གྲོང་ཁྱེར་གྱི་དམག་ཞབས་ཐིམས་པའི་དམག་མིའི་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་ཟླ་དངོས་ཀྱིས།དེ་རིང་གི་གདན་ཞུའི་འདུ་ཚོགས་ནང་།དམག་གཏོད་ཁེ་ལས་10ཚུད་པའི་ཁེ་ལས་32ཡོད་པ་དང་།ལས་གནས་670མཁོ་འདོན་བྱས་ཡོད།ཚང་མར་དམག་ཞབས་ཐིམས་པའི་དམག་མི་སྔོན་ལ་བསྡུ་བཞིན་ཡོད་ཅེས་བཤད་པ་དང་།ཁོང་གིས་ད་ཐེངས་ཀྱི་ཆེད་དོན་གདན་ཞུའི་ལས་དོན་དེ་2024ལོར་ཕ་ཡུལ་དུ་ལོག་ནས་རང་བརྟེན་ལས་ཞུགས་ཐུབ་པའི་དམག་ཞབས་ཐིམས་པའི་དམག་མི་དང་། མཐོ་སློབ་ཀྱི་དམག་ཞབས་ཐིམས་པའི་སློབ་ཐོན་སློབ་མ། དེ་བཞིན་བོད་སྡོད་དཔུང་སྡེའི་དཔོན་དམག་དང་མཉམ་དུ་ཡོད་པའི་ལས་ཞུགས་ཐུབ་མེད་པའི་ནང་མི་སོགས་ཀྱི་ཚོགས་སྤྱིར་ཕྱོགས་ནས་ཁོང་ཚོར་ལས་ཞུགས་ལས་གཏོད་ཀྱི་ཞབས་འདེགས་ཞུས་ཡོད་ཅེས་བཤད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། གདན་ཞུའི་འདུ་ཚོགས་ཐོག་དམག་ཞབས་ཐིམས་པའི་དམག་མི་200ཙམ་དང་དམག་དཔུང་དང་མཉམ་དུ་ཡོད་པའི་ནང་མི་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་།ལས་ཀ་འཚོལ་མཁན་57གྱིས་ཡུལ་དངོས་སུ་མི་སྤྱོད་ཚན་པ་དང་ལས་ཞུགས་འདོད་མཐུན་གྱི་གྲོས་མཐུན་རགས་ཙམ་བཞག་ཡོད།
(སྟོབས་རྒྱལ་དང་བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社