ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་མིའི་གློག་རྡུལ་ཚོང་དོན་གྱི་རྩལ་ནུས་ཆེ་རུ་བཏང་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོད་པའི་ཆེད་དུ། ཉིན་ཤས་གོང་། ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་སྦྱར་གཞི་གྲོང་ཚོས་འབྲེལ་ཡོད་ཆེད་ལས་དགེ་རྒན་ཆེད་མངགས་གདན་དྲངས་ཏེ། ཡུལ་མི་སྒྲིག་འཛུགས་བྱས་ནས་དུས་ཡུན་ཉིན་བཞིའི་ནང་གློག་རྡུལ་ཚོང་དོན་སྐོར་གྱི་གསོ་སྦྱོང་བྱས་པ་རེད།
གསོ་སྦྱོང་བྱེད་རིང་། ཆེད་ལས་དགེ་རྒན་གྱིས་རིགས་པའི་གཞུང་ལུགས་དང་གསོན་ཉམས་དོད་པའི་དཔེ་མཚོན་ཟུང་འབྲེལ་བྱས་ཏེ། དོན་སྙིང་ཟབ་ལ་གོ་བདེ་བའི་སྒོ་ནས་ཡུལ་མི་ཚོར་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གྱིས་ཞིང་པའི་འབབ་འཕར་ལ་དོན་སྙིང་གལ་ཆེན་ལྡན་པ་འགྲེལ་བཤད་བརྒྱབ་པ་རེད། དུས་མཚུངས་རྗེས་མར་གློག་རྡུལ་ཚོང་ཁང་འཛུགས་པ་དང་། ཚོང་ཟོག་ཚོང་སྒྲོམ་ཐོག་འཇོག་པ། ཐད་གཏོང་བྱས་ནས་ཚོང་རྒྱག་པ། དེ་བཞིན་བརྙན་ཐུང་པར་ལེན་བྱེད་པ་སོགས་ཉེར་སྤྱོད་རང་བཞིན་ཆེ་བའི་གློག་རྡུལ་ཚོང་ཁང་གཉེར་སྐྱོང་བྱེད་པའི་ཤེས་བྱ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཡུལ་མི་ཚོས་ནན་ཏན་ངང་སློབ་ཚན་ལ་ཉན་པ་དང་། དྲི་བ་བཏོན་པར་མ་ཟད། དགེ་རྒན་དང་མཉམ་འགུལ་ཧུར་ཐག་ཀྱང་བྱས་པ་རེད། གཞན་ཡང་། ཡུལ་དངོས་སུ་དངོས་སྦྱོང་བྱེད་པའི་བྱེད་སྟངས་བརྒྱུད། ཡུལ་མི་ཚོར་ལག་པ་འགུལ་ནས་བརྙན་ཐུང་པར་ལེན་དང་བཟོ་རུ་བཅུག་པ་དང་། པར་ལེན་དང་། པར་རིས་འདེམས་པ། བརྙན་ལམ་དྲས་སྒྲིག་སོགས་གློག་རྡུལ་ཚོང་དོན་གྱི་བརྙན་ཐུང་བཟོ་བའི་འགག་རྩའི་རྩལ་ནུས་རིམ་བཞིན་ཁོང་དུ་ཆུད་པར་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་དེས་སྦྱར་གཞི་གྲོང་ཚོའི་མང་ཚོགས་ལ་ཕྱུག་འགྱུར་གྱི་སྒོ་མོ་གསར་པ་ཞིག་ཕྱེ་བ་དང་། སླད་ཕྱིན། གློག་རྡུལ་ཚོང་དོན་གྱི་ལས་སྟེགས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་པ་རེད། ཡུལ་མི་བཀྲ་ཤིས་ལྷ་མོས། གསོ་སྦྱོང་ནང་ངས་བརྙན་ཐུང་པར་ལེན་གྱི་ལག་རྩལ་དེ་བས་མང་བ་ཁོང་དུ་ཆུད་པ་དང་། གློག་རྡུལ་ཚོང་དོན་གཉེར་རྒྱུའི་ཐད་རང་ཉིད་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་སོང་ཞེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社