ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཞིང་ཞོར་ཉོ་ཚོང་ཁྲོམ་ར་ནི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནས་གལ་ཆེན་ཞིག་ཡིན་ལ།གྲོང་ཁྱེར་གྱི་སྤུས་ཚད་ཀྱི་ནང་དོན་དང་ཤེས་དཔལ་གཟུགས་བརྙན་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་ཚུན།ཁྲོམ་ར་ཚད་ལྡན་ཅན་དུ་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གིས(གཤམ་དུ་ཆེད་དོན་ཚོགས་ཆུང་ཞེས་བསྡུ་རྒྱུ)སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་པ་མང་བ་དང་ཕྱོགས་ཡོངས་ནས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས་མང་བྱས་ཡོད།ད་ཆ་རང་གྲོང་གི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ཆེ་ཆུང་ཁག་གི་གཉེར་སྐྱོང་གི་སྒྲིག་ལམ་དང་ཉེ་འཁོར་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
ཚལ་ཁྲོམ་ཆུང་ཆུང་ལས་ཤེས་དཔལ་ཆེན་པོ་མངོན། ཟླ་11ཚེས་1ཉིན། གསར་འགོད་པ་ལྷ་ས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་རར་སྐྱོད་སྐབས་ཁྲོམ་རའི་ནང་གི་ཁྲོམ་བཀྱག་གོ་རིམ་ལྡན་པ་དང་། འགྲོ་ལམ་རྒྱ་ཆེ་ལ་གཙང་བ།རླངས་འཁོར་བཞག་པ་གྲལ་འགྲིག་པ། ཁོར་ཡུག་གི་གཙང་སྦྲ་ལེགས་པ་བཅས་ཡོད་པ་མཐོང་བྱུང་།
བོད་ལྗོངས་ལེང་ཧྥེང་ཞིང་ཞོར་ཐོན་རྫས་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཞའོ་ལིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་ཚུན།ཞིང་ཞོར་ཉོ་ཚོང་ཁྲོམ་རས་བྱ་ཐབས་ནུས་ལྡན་སྤྱད་ནས་ད་ཐེངས་ཀྱི་ལས་ཀ་དེ་གལ་ཆེའི་ལས་གྲྭར་བརྩིས་ནས་དམ་འཛིན་བྱས་པ་དང་། ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་ལོ་འཁོར་གྱི་དཔྱད་ཞིབ་བྱེད་ཁོངས་སུ་བཅུག་པ་དང་ཆབས་ཅིག་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་1230བཏང་ནས་ཁྲོམ་རའི་ནང་གི་སྒྲིག་བཀོད་དང་སྒྲིག་ཆས་རྙིང་པ་རིམ་སྤོར་སྒྱུར་བཀོད་བྱས་ཤིང་། དེའི་ནང་གྱང་སྐོར་བ་དང་།ཁྲོམ་རའི་འགྲོ་ལམ་སྣུམ་ནག་ལམ་དུ་བཅོས་པ། སྤྱི་པའི་གསང་སྤྱོད་གསར་སྐྲུན་བྱེད་པ།སྔོ་ཚལ་ཁྲོམ་བཀྱག་བརྗེ་བ།ཚོང་དུད་ལ་རིག་ནུས་ཅན་གྱི་ཆ་འཕྲིན་བྱང་བུ་བཟོ་བ།བཟའ་བཏུང་ཚོང་དུད་ལ་རང་བྱུང་སོལ་རླངས་སྦྲེལ་མཐུད་བྱེད་པ་སོགས་ཚུད་ཡོད།ཁོར་ཡུག་འཕྲོད་བསྟེན་དང་།མཁྲེགས་ཆས་འཛུགས་སྐྲུན།ཞབས་ཞུ་འཐུས་ཚང་སོགས་ཐད་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་རིམ་པ་མཐོ་རུ་གཏོང་རྒྱུར་མུ་མཐུད་ནས་སྐུལ་འདེད་གཏོང་བཞིན་ཡོད།
ཀྲང་ཞའོ་ལིང་གིས་སླད་ཕྱིན་ང་ཚོས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་རྒྱུན་རྣམ་ཅན་གྱི་ཐོག་ནས་དོན་འཁྱོལ་བྱས་ཏེ་ད་ཡོད་ཀྱི་བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དོ་དམ་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ།རྒྱུན་གཏན་གྱི་སྐོར་ཞིབ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ།ཁྲོམ་རའི་ཁོར་ཡུག་གི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱིས་དངོས་ཟོག་ཉོ་སྒྲུབ་བྱེད་སྐབས་སྔར་བས་སྐྱིད་སྣང་དོད་པ་དང་ཚོང་དུད་ཀྱིས་གཉེར་སྐྱོང་དེ་བས་ལེགས་པ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་ཚུན།ཆེད་དོན་ཚོགས་ཆུང་གིས་ཁོར་ཡུག་འཕྲོད་བསྟེན་དང་།ནུས་པའི་ཁུལ་དབྱེ་བ།མཁྲེགས་ཆས་སྒྲིག་བཀོད།བཟའ་བཅའི་བདེ་འཇགས་བཅས་ཕྱོགས་བཞིའི་ཐད་ནས་ཞིང་ལས་ཉོ་ཚོང་ཁྲོམ་རར་ཤ་སོས་པ་དང་།མཚོ་ཟས། ཤིང་འབྲས་དང་སྔོ་ཚལ་སོགས་ཁུལ་དབྱེའི་བཀོད་པ་གནད་ལ་འཁེལ་བ་དང་།ཁྲོམ་བཀྱག་དབར་གྱི་འབྲེལ་བ་ཁ་གསལ་བ། ཁོར་ཡུག་འཕྲོད་བསྟེན་ཡག་པ་བཅས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག་ཆེད་དོན་ཚོགས་ཆུང་གིས་ད་དུང་རང་གྲོང་གི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ཆེ་ཆུང་ཁག་ལ་རྒྱུན་གཏན་ཅན་གྱི་སྐོར་ཞིབ་བྱས་པ་དང་འབྲེལ་ཡོད་ཁྲོམ་རའི་དོ་དམ་ཚད་གཞིར་ཞིབ་བསྡུར་ནན་པོ་བྱས་ཏེ་བཟའ་བཅའི་བདེ་འཇགས་དང་།སྤ་སེ་དང་ལག་ཁྱེར་ལེན་པ། ཚོང་ཟོག་འདྲེན་འཚོང་རྩིས་ཐོ།རིན་གོང་གསལ་པོ།ལག་ཁྱེར་ཁ་གསལ་བཟོ་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་ཚོང་དུད་ལ་ཞིབ་བཤེར་བྱས་པ་དང་ཁྲོམ་རར་གནས་པའི་གནད་དོན་ཚོང་དུད་ལ་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་ལྟ་སྐུལ་བྱས་པ་རེད།གྲོང་ཁྱེར་ཡོངས་ཀྱི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ཁག་གིས་མངོན་གསལ་དོད་སར་ཆ་འཕྲིན་ཡོངས་བསྒྲགས་སྒྲོམ་གཅིག་གྱུར་ཐོག་བཟོས་ནས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་གྲོང་མི་ཚོར་བློ་བདེ་བག་ཕེབས་ཀྱི་ཉོ་སྒྲུབ་ཁོར་ཡུག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཟའ་འཐུང་ལྟ་སྐུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ཧོང་ཅ་ཆིས་རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ཆེན་པོ་ལག་བསྟར་མ་བྱས་གོང་།ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཁོར་ཡུག་བཙོག་ཟིང་ཞན་གསུམ་ལྡན་པ་དང་།ས་ངོས་ལ་གཏོར་སྐྱོན་ཕོག་པ། ཁྲོམ་ཁུལ་གྱི་དབྱེ་བ་ཟང་ཟིང་ཆེ་བ། ཁྲོམ་བཀྱག་འཚང་ཁ་ཆེ་བ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ངང་གནས་ཡོད།བཅོས་སྒྲིག་བྱས་པ་བརྒྱུད་ད་ཆ་ཁྲོམ་རའི་ཁོར་ཡུག་གི་འཕྲོད་བསྟེན་དང་། གཉེར་སྐྱོང་གི་སྒྲིག་ལམ།སྤྱི་པའི་ཞབས་ཞུ་བཅས་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཞིང་།མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་གཞི་རྩའི་ཆ་ནས་ཚད་ལྡན་དུ་བཅོས་སྒྲིག་བྱེད་པའི་བླང་བྱ་དང་མཐུན་ཡོད་ཅེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社