分享按钮

ལྗོངས་ཡོངས་ཀྱི་འཛད་སྤྱོད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།

དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་671.06ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འཛད་སྤྱོད་ནི་མཐའ་མའི་དགོས་མཁོ་ཞིག་ཡིན་པའི་ངོས་ནས་དཔལ་འབྱོར་འཕར་རྒྱུར་ཡར་སྐུལ་བྱེད་པའི་སྒུལ་ཤུགས་གཙོ་བོ་ཞིག་རེད། ཉིན་ཤས་གོང་། གསར་འགོད་པས་ལྗོངས་ཡོངས་ཀྱི་སྤྱི་དམངས་ཀྱི་འཛད་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ནས་བཟུང་། རང་ལྗོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཧུར་ཐག་བྱས་ཏེ་འཛད་སྤྱོད་རྒྱུན་མཐུད་ངང་རྒྱ་ཆེར་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ད་ལོའི་དུས་ཚིཊ་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་སྤྱི་ཚོཊ་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་671.06ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

གསར་འགྱུར་མགྲིན་ཚབ་པ་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཧྲི་ཁྲེང་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱེད་པ། འཛད་སྤྱོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བཅས་བྱས་ནས་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་671.06ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་6.2འཕར་བ་དང་། རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད་ཅིང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཟླ་9པ་གཅིག་པུར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་102.85ཟིན་པ་དེ་ལོ་རྒྱུས་ཀྱི་མཐོ་ཤོས་སུ་སླེབས་ཡོད། གཞན་ཡང་། ལྗོངས་ཡོངས་ཀྱི་དྲ་ཐོག་གི་སིལ་ཚོང་དངུལ་འབོར་དང་དངོས་རྫས་ཚོང་ཟོག་དྲ་ཐོག་གི་སིལ་ཚོང་དངུལ་འབོར་གཉིས་ཀ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གསར་པ་མགྱོགས་མྱུར་ངང་འདོན་སྤེལ་ཐུབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་སྲིད་ཇུས་ཀྱི་འདེགས་སྐྱོར་ཐད་མུ་མཐུད་ནས་ཤུགས་བརྒྱབ་སྟེ་འཛད་སྤྱོད་སྐུལ་སྤེལ་ལོའི་ལས་ཀའི་ཇུས་གཞི་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་དོན་ཚན་8སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་པ་དང་འབྲེལ་ས་ཁུལ(གྲོང་ཁྱེར)ཁག་གིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་བཏང་ཡོད། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པའི་སྲིད་ཇུས་གསར་པ་བཏོན་ཚུན། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ནུས་རྒྱུ་གསར་པའི་རླངས་འཁོར་བརྗེ་བ་དང་། རིག་ནུས་ཁྱིམ་སྤྱོད་གློག་ཆས་བརྗེ་བ། ཐབ་ཆས་གསར་པ་བརྗེ་བ། ཚུར་བསྡུའི་ཞབས་ཞུའི་རིམ་པ་མཐོ་རུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་རང་ལྗོངས་ཀྱི་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱ་རྒྱུའི་བྱ་ཐབས་གསར་པ་བཏོན་ཡོད། རྒྱལ་ཁབ་ཀྱིས་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གསར་པ་བཏོན་རྗེས། དུས་ཐོག་ཏུ་རང་ལྗོངས་ཀྱི་དོན་འཁྱོལ་བྱ་ཐབས་བཏོན་པས། རྒྱབ་སྐྱོར་བྱེད་རྒྱ་ཆེ་རུ་ཕྱིན་པ་དང་། ཁ་གསབ་ཚད་གཞི་མཐོ་རུ་ཕྱིན་པ། ཁ་གསབ་སྤྲོད་སྟངས་ལེགས་སུ་ཕྱིན་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།

བྱེད་སྒོར་སྐུལ་ཁྲིད་བྱེད་པའི་ཐད་ལ་གནད་ལ་འཁེལ་བའི་ངང་ཤུགས་བརྒྱབ་པ། དེ་ཡང་། ལོ་འགོ་ནས་ད་བར་རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར)རྫོང(ཆུས)བཅས་རིམ་པ་གསུམ་གྱི་ནོར་སྲིད་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་5.76ལས་བརྒལ་བ་བཀོད་སྒྲིག་བྱས་ནས་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། ཞོ་སྟོན་སོགས་སྲོལ་རྒྱུན་དུས་ཆེན་དང་། དེ་བཞིན་ལྔ་གཅིག་ངལ་རྩོལ་དུས་ཆེན་དང་རྒྱལ་སྟོན་སོགས་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་གུང་གསེང་ལ་དམ་འཛིན་བྱས་ཐོག རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས། བཟའ་བཏུང་། བཅོས་སྣུམ། ས་མཐོའི་ཞིང་ཞོར་ཐོན་རྫས་སོགས་གཙོ་གནད་འཛད་སྤྱོད་ཁྱབ་ཁོངས་ལ་དམིགས་ཏེ། བདེ་སྐྱིད་ལྡན་པའི་བོད་ལྗོངས། འཚོ་བར་ལོངས་སྤྱོད་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་ངང་སྤེལ་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་4.3སྤྱད་པ་དང་འཛད་སྤྱོད་སྒོར་དུང་ཕྱུར་35.52འཕར་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད། གཞན་ཡང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ཕན་འབྲས་གསར་པ་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་ཅིང་། ད་ལྟའི་ཆར།ལྗོངས་ཡོངས་ཀྱིས་འཛད་སྤྱོད་དངོས་རྫས་ཀྱི་རྙིང་ཚབ་གསར་བརྗེའི་ཐད་མ་དངུལ་སྒོར་དུང་ཕྱུར་2.24གཤམ་སྤྲོད་བྱས་པ་དང་། སྒོར་དུང་ཕྱུར་1.13བེད་སྤྱོད་བྱས་ཟིན་ཡོད། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ཐེངས་ཁྲི་7.06བྱས་ཤིང་། ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་12.03ཟིན་ཡོད།

གཙོ་གཟུགས་གསོ་སྐྱོང་ཐད་ཚན་རིག་དང་མཐུན་པའི་ནུས་ཤུགས་བཏོན་པ། དེ་ཡང་ད་ལོའི་ཁག་གཉིས་པའི་བོད་ལྗོངས་ཀྱི་ཚོང་རྟགས་རྙིང་པའི་ངོས་འཛིན་དང་། ཁག་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་འབྱུང་འཕྲོད་བཟའ་བཏུང་ཁེ་ལས་ལ་ཞིབ་དཔྱད་གཏན་འབེབས། ཁག་བཞི་པའི་གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཁུལ་གྱི་རེ་ཞུའི་ལས་དོན་བཅས་བདེ་བླག་ངང་ལེགས་གྲུབ་ཟིན་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་ཀྲུང་ཧྭ་ཡི་ཚོང་རྟགས་རྙིང་པ་2དང་། བོད་ལྗོངས་ཀྱི་ཚོང་རྟགས་རྙིང་པ་24 བོད་རང་སྐྱོང་ལྗོངས་འབྱུང་འཕྲོད་བཟའ་བཏུང་ཁེ་ལས་35བཅས་ཡོད་པ་དང་། ལྷ་ས་དང་། གཞིས་ཀ་རྩེ། ཆབ་མདོ། ཉིང་ཁྲི། ལྷོ་ཁ་བཅས་ལ་སྔ་རྗེས་སུ་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཁུལ་གྱི་ཚོད་ལྟའི་གྲོང་ཁྱེར་གྱི་ཆོག་མཆན་ཐོབ་ཡོད། དེ་དང་ཆབས་ཅིག རུའེ་ཤིང་ཁོག་ཧྥེ་དང་། ཆོན་ཅུས་ཏེ། པེ་ཅིང་ཐུང་རེན་ཐང་སོགས་སྤུས་རྟགས་ཚོང་ཁང་ཁག་ཅིག་བོད་དུ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་མི་དམངས་མང་ཚོགས་ཀྱི་རང་གཤིས་ཅན་དང་། སྣ་མང་ཅན། སྤུས་ལེགས་ཅན་བཅས་ཀྱི་འཛད་སྤྱོད་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད། ཕྱིས་འབྱུང་། ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་འཛད་སྤྱོད་ཆེ་རུ་གཏོང་རྒྱུ་དེ་ནང་མཁོ་རྒྱ་ཆེར་གཏོང་བའི་གཙོ་གནད་དུ་བརྩིས་ནས་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཛད་སྤྱོད་ཁྱབ་ཁོངས་ལ་འཕྲད་པའི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ། འཛད་རྫས་མཁོ་སྤྲོད་བྱེད་ཚད་མཐོ་རུ་གཏོང་བ། འཛད་སྤྱོད་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དང་ཆེ་རུ་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-05 དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་671.06ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། 6 6 拉萨日报藏文 c190410.html 1 ལྗོངས་ཡོངས་ཀྱི་འཛད་སྤྱོད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ། /enpproperty-->