ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་28ཉིན་གྱི་དགོང་མོ། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་སྒྲུབ་འགན་ཁུར་ནས་བཏོད་པའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་2024ལོའི་གར་སྟེགས་ཟློས་གར་བརྩམས་ཆོས་རོགས་སྐྱོར་རྣམ་གྲངས་ཏེ་མཉམ་དཀྲོལ་རོལ་དབྱངས《མེས་རྒྱལ་གྱི་བོད་ལྗོངས》ཞེས་པ་དེ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་ཤིང་། ཐེངས་འདིའི་འཁྲབ་སྟོན་ལ་ལྟ་བར་ཡོང་བའི་གྲོང་མི་མང་ཚོགས་200ལྷག་ཙམ་ཡོད་པ་རེད།
བཀོད་འདོམས་དབྱུག་པ་དལ་བུར་གཡུག་པ་དང་བསྟུན་ནས་སྙན་འཇེབས་ལྡན་པའི་རོལ་དབྱངས་ཟློས་གར་ཁང་ཡོངས་སུ་ཁྱབ་ནས་མཉམ་དཀྲོལ་རོལ་དབྱངས་དེ་འགོ་ཚུགས། ལེའུ་དང་པོ《བཀྲ་ཤིས་པའི་ས་མཐོ》ཞེས་པའི་ནང་མཉམ་དཀྲོལ་རང་བཞིན་གྱི་རོལ་དབྱངས་དང་བོད་ཀྱི་སྲོལ་རྒྱུན་གྱི་མི་རིགས་རོལ་ཆའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ལོ་རྒྱུས་དང་། རིག་གནས། མཛེས་ལྗོངས། དུས་རབས་གསར་པའི་བོད་ཀྱི་ཉམས་འགྱུར་སོགས་ཕྱོགས་མང་པོའི་ཐད་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། དེ་རྗེས《བདེ་སྐྱིད་ལྡན་པའི་འཛུམ་མདངས》དང་། 《ངོ་མཚར་ཆེ་བའི་ས་གཞི》ཞེས་པའི་རོལ་དབྱངས་ཀྱི་ལེ་ཚན་ནང་སྤྲོ་སེམས་རབ་ཏུ་འཁོལ་བ་དང་རྩེར་སོན་གྱི་སྒྱུ་རྩལ་ལ་བརྟེན་ནས་ལྟད་མོ་བས་དགའ་མོས་བྱེད་པའི་མཉམ་དཀྲོལ་རོལ་དབྱངས་མང་དག་ཅིག་འཁྲབ་སྟོན་བྱས་པ་རེད། རོལ་དབྱངས་ཀྱི་ལེ་ཚན་ཚང་མས་ལྟད་མོ་བའི་ཡིད་དབང་རབ་ཏུ་འཕྲོག་པས་དེ་གར་ཡོད་པའི་ལྟད་མོ་བ་ཚང་མ་རོལ་དབྱངས་ཀྱིས་བཞེངས་པའི་སྣ་མང་ཕུན་སུམ་ཚོགས་པའི་འཇིག་རྟེན་ལ་དབྱིངས་ཚུད་ཡོད།
《མེས་རྒྱལ་གྱི་བོད་ལྗོངས》ཞེས་པའི་མཉམ་དཀྲོལ་རོལ་དབྱངས་འདུ་ཚོགས་བདེ་བླག་ངང་གཉེར་བ་དེས་རྒྱ་ཆེའི་གྲོང་མི་ཚོའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བར་མ་ཟད།རང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社