分享按钮

(པར་ངོས་དང་པོར་མཐུད)རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རྣམ་གྲངས་ནང་ད་ཡོད་ཀྱི་འགྲོ་ལམ་ཉམས་གསོ་དང་སྒྱུར་བཀོད་བྱ་རྒྱུ་དང་།འགྲོ་ལམ་གྱི་བཀོད་པ་ལེགས་སུ་གཏོང་རྒྱུ།མདོང་ལམ་གྱི་བཀོད་པ་ཁག་ལེགས་སུ་གཏོང་རྒྱུ།ཉི་ནུས་ལམ་སྒྲོན་སྒྲིག་སྦྱོར་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།དེ་དང་ཆབས་ཅིག་རྣམ་གྲངས་དེས་ད་དུང་རླངས་འཁོར་འཇོག་ས་ཞིག་དང་གསང་སྤྱོད་གཉིས་གསར་དུ་བསྐྲུན་རྒྱུ་ཡིན་པ་རེད།ཨར་ལས་བྱ་ཡུལ་དུ་ལམ་ངོས་ཁག་གཅིག་གི་མདོང་ལམ་སྒྱུར་བཀོད་དང་ཨར་འདམ་ལམ་འདིང་རྒྱུ་ལེགས་གྲུབ་ཟིན་པ་དང་།བཟོ་པ་ཚོས་ཀྱང་དུས་ཚོད་དམ་འཛིན་གྱིས་ཨར་ལས་བྱས་ཏེ་རྣམ་གྲངས་དུས་ཐོག་དང་སྤུས་ཚད་ལྡན་པའི་ངང་ལས་མཇུག་འགྲིལ་རྒྱུའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རྣམ་གྲངས་ཀྱི་འགན་འཁུར་བ་ཧྲེན་ཀྲེན་མིང་གིས་ད་ཆ་ང་ཚོའི་ལས་གྲྭའི་ཨར་ལས་ཀྱི་མྱུར་ཚད་བརྒྱ་ཆ་75ཟིན་ཡོད།ཨར་འདམ་ལམ་ངོས་ཀྱི་སྨི་100མ་གཏོགས་དེ་བྱིངས་ལས་མཇུག་འགྲིལ་ཡོད།ལམ་ངོས་དང་ར་སྐོར་གྱང་སོགས་ཟླ་11ཚེས་8ཉིན་གྱི་གཡས་གཡོན་དུ་ལས་མཇུག་འགྲིལ་ཐུབ་ཀྱི་ཡོད།མིག་སྔར་ལམ་སྒྲོན་བསྒར་རྒྱུ་དང་།མཛེས་བཟོ་བྱ་རྒྱུ།གཙང་སྦྲ་བྱ་རྒྱུ་སོགས་ལུས་ཡོད།གཞན་ཡང་དེ་སྔོན་འཆར་འགོད་བྱས་པའི་རླངས་འཁོར་འཇོག་སར་འབྲེལ་ཡོད་འགྲོ་ལུགས་གཉེར་བཞིན་ཡོད་པས།ཟླ་11ཚེས་15ཉིན་གྱི་གོང་དུ་གྲོང་མི་མང་ཚོགས་ལ་མཛེས་སྡུག་ལྡན་ལ་གཙང་སྦྲ་དོད་པའི་སྡོད་ཁང་ཁོར་ཡུག་ཅིག་བསྐྲུན་རྒྱུ་རེད་ཅེས་བཤད།

རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པར་མི་འབོར་མང་པོ་ཡོད་པས།རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གྲོང་མི་རྣམས་ཕྱིར་སྐྱོད་བྱེད་པར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད་པ་རེད།འོན་ཀྱང་མང་ཚོགས་ཀྱིས་བསམ་ཤེས་དང་གཞོགས་འདེགས་བྱས་པ་ལས་ཨར་ལས་ཀྱི་མྱུར་ཚད་ལ་འགན་ལེན་ཐུབ་ཡོད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།ཨར་ལས་བྱེད་རིང་།རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པའི་སྤེན་པ་ཚེ་རིང་དང་ཨ་ནུ་གཉིས་ཉིན་ལྟར་ཨར་ལས་བྱ་ཡུལ་དུ་བསྐྱོད་དེ་འགལ་བ་འདུམ་འགྲིག་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།

སྤེན་པ་ཚེ་རིང་གིས་ཨར་ལས་བྱེད་རིང་ང་ཚོས་ས་འོག་ཆུ་ལམ་དང་།རང་འབབ་ཆུ་ཀ་ལ།སོལ་རླངས་ལྕགས་མདོང་སོགས་ཚུད་པའི་འཆར་འགོད་འཛུགས་སྐྲུན་བྱ་རྒྱུའི་ཐད་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཡོད།ད་ཆ་རྣམ་གྲངས་ལས་མཇུག་འགྲིལ་ཉེར་ཡོད་པས་གྲོང་མི་ཚོས་ཀྱང་བློ་མགུ་པོ་བྱེད་པ་དང་།ལམ་ངོས་གཙང་ལ་ཁོད་སྙོམས་པས་ཧ་ཅང་ཡག་པོ་འདུག་ཅེས་བཤད།

རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པའི་དུད་ཚང་ཚང་མའི་གནས་ཚུལ་དེ་ཙུའུ་ཀྲང་གཉིས་ཀྱིས་སྔ་ས་ནས་སེམས་ནང་བརྟན་པོར་ངེས་ཡོད།ཨ་ནུ་ཡིས་ཉིན་ལྟར་ཞོགས་པའི་ཆུ་ཚོད་8པ་ནས་དགོང་མོའི་ཆུ་ཚོད་8པའི་བར་ནི་ཨར་ལས་རུ་ཁག་གི་ལས་ཀ་བྱེད་པའི་དུས་ཚོད་ཡིན་ལ་ང་ཚོའི་ལས་ཀ་བྱེད་པའི་དུས་ཚོད་ཀྱང་ཡིན།ཨར་ལས་རུ་ཁག་ལས་དུས་འཕར་མ་ཅི་ཙམ་བྱས་རུང་།ང་ཚོས་ཀྱང་དེ་ལྟར་ལས་དུས་འཕར་མ་དེ་ཙམ་བྱེད་ཀྱི་ཡོད།ཨར་ལས་བྱེད་སྐབས་ཁྱིམ་ཚང་མི་རེ་ངོ་རེའི་བཙོག་ཆུའི་ལྕགས་མདོང་དང་།རང་འབབ་ཆུ་ཀ་ལའི་ལྕགས་མདོང་།སོལ་རླངས་ལྕགས་མདོང་བཅས་ས་ཆ་གང་དུ་མཐུད་དགོས་པ་དང་།ས་ཆ་གང་དུ་སྒེའུ་ཁུང་ཡོད་པ།ས་ཆ་གང་དུ་ཐབ་ཚང་ཡོད་པ་ཚང་མ་ཨར་ལས་ཚན་པར་རེ་རེ་བཞིན་གསལ་བཤད་བྱས་ཏེ་ལས་མིས་བཀོལ་སྤྱོད་བྱེད་བདེ་པོ་ཡོང་བར་བྱེད་ཀྱི་ཡོད།ཨར་ལས་བྱེད་རིང་།རྣམ་གྲངས་འཛུགས་སྐྲུན་བདེ་བླག་བྱུང་བ་དང་།ས་འདྲུ་སྐབས་གྲོང་མིའི་གློག་སྐུད་དང་མདོང་ལམ་ལ་གནོད་སྐྱོན་ཤོར་བའི་གནས་ཚུལ་རྩ་བ་ནས་ཐོན་མྱོང་མེད་ཅེས་བཤད།

སྤེན་པ་ཚེ་རིང་གིས་དེ་སྔ་ང་ཚོས་ཁུལ་ཆུང་གཞན་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད།ད་ཆ་ཁོང་ཚོར་གང་ཡོད་པ་ང་ཚོར་ཡང་ཡོད།དཔེར་ན།སོལ་རླངས་དང་།རང་འབབ་ཆུ་ཀ་ལ།ས་འོག་ཆུ་ལམ་བཅས་ཀྱང་ཤར་གཏོང་ཐུབ་པས་གཞན་ལ་ཡིད་སྨོན་གཏན་ནས་བྱེད་མི་དགོས།ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་དང་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་བྱེད།གྲོང་ཁྱེར་ཡག་པོ་བསྐྲུན་ནས་མི་དམངས་ལ་ཞབས་འདེགས་ཞུ་ཞེས་པ་ལྟར་གྲོང་ཁྱེར་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་གྲོང་མི་མང་ཚོགས་ཚང་མས་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད།ང་ཚོས་རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་གཉིས་པ་དེ་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ།ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ།གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཐོག་ང་ཚོའི་གྲོང་ཁྱེར་འདི་ཉིད་དེ་བས་འཚོ་སྡོད་དང་འཚམ་པ་དང་དྲོ་སྐྱིད་ལྡན་པའི་རེ་བའང་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190320.html 1 /enpproperty-->