分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་ འགན་སྲུང་ཅུས་སུ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)ཀྲང་ཏིང་ཁྲེང་། ཀྲང་ཁྲུན་དབྱང་བཅས་ཞུགས་ཡོད་པ་རེད།

ཤའོ་ཡིའུ་ཚའེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མཐོ་སློབ་ཐོན་པའི་སློབ་མའི་གཅིག་འཐུས་རྣམ་པའི་ཞབས་ཞུ་ལྟེ་གནས་དང་། གླིང་སྣེ་གསུམ་པའི་ལས་གཏོད་བྱ་ཡུལ། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཁྲོམ་རའི་གདན་ཞུའི་ཚོམས་ཆེན། སྤྱི་ཚོགས་འགན་སྲུང་ལྟེ་གནས་ཀྱི་ཞབས་ཞུའི་ཚོམས་ཆེན་བཅས་སུ་ཕེབས་ནས་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་དང་ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་གནང་བ་རེད། ཁོང་གིས་རང་བརྟེན་ལས་གཏོད་བྱེད་མཁན་མཐོ་སློབ་ཐོན་པའི་སློབ་མར་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་ཁྲོམ་རའི་དགོས་མཁོའི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་བློ་ཁོག་ཆེན་པོས་གསར་གཏོད་དང་གདོང་མཆོང་བྱེད་ཕོད་པར་བྱས་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད། ཁོང་གིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་གནད་སྨིན་ནུས་ཆེའི་སྒོ་ནས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྒྱུ་རྐྱེན་གཙོ་བོ་འགན་ལེན་ཡག་པོ་བྱེད་པ། སེམས་ནུས་ཡོད་རྒུ་བཏོན་ནས་སྤུས་ལེགས་ཞབས་ཞུ་སྒྲུབ་པ་བཅས་བྱས་ཏེ་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་མངགས་བཅོལ་གནང་བ་རེད།

དེ་རྗེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་དོན་སྙན་ཞུར་གསན་པ་དང་གྲོང་ཁྱེར་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ནི་དམངས་འཚོའི་སྡེ་ཚན་གལ་ཆེན་ཞིག་ཡིན་པས་དམངས་འཚོའི་བདེ་རྩ་འགན་ལེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འགན་ནུས་གལ་ཆེན་ཁུར་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག གྲོང་ཨུད་ཀྱི་བཀོད་སྒྲིག་བཅས་ལག་བསྟར་ནན་ཏན་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་གིས་ལས་དོན་ཏན་ཏིག་སྒྲུབ་པ། ཆེད་ལས་ཀྱི་བྱང་ཚད་ཕན་འབྲས་ཐོག་ནས་མངོན་པར་བྱེད་པ། རང་གཅུན་སྤྱོད་གཙང་བློ་ལ་ངེས་པ་བཅས་མཐའ་འཁྱོངས་བྱས་ཏེ་ལས་ཞུགས་བརྟན་པོ་དང་། འབབ་འཕར་ལ་སྐུལ་འདེད། དམངས་འཚོ་འགན་ལེན་སོགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཐོག་ལྷ་སའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ཏང་གིས་མི་སྤྱིར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ཤིང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ནང་ཁྱབ་པར་བྱས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་དེ་ཁྱད་ཆོས་ལྡན་པ་དང་། བཀྲག་མདངས་འཚེར་བ། མིག་དཔེ་སྟོན་པ་བཅས་ཀྱི་བྱ་སྤྱོད་དངོས་ནང་མངོན་པར་བྱེད་དགོས།

ལས་ཞུགས་སྔོན་ལ་འཛིན་པ་མཐའ་འཁྱོངས་བྱེད་དགོས་ཤིང་། ཁྲོམ་རས་གཙོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་ཁྲིད་སྟོན་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་གང་ལེགས་བྱ་རྒྱུར་དམིགས་ནས་ཁྲོམ་རའི་གསོན་ཤུགས་གང་ལེགས་འཕེལ་བར་བྱས་ཏེ་ལས་ཞུགས་ཀྱི་གོ་སྐབས་འདང་ངེས་དང་། ལས་ཞུགས་ཀྱི་ཁོར་ཡུག་དྲང་བདེན། ལས་ཞུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

མཐའ་ཚད་སྲུང་བ་མཐའ་སྐྱོང་བྱེད་དགོས་ཤིང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་བྱེད་ཐབས་ཡག་པོ་སྤྱོད་དགོས། བརྒྱུད་རིམ་ཐད་ཉུང་དུ་གཏོང་བ་དང་། ཞབས་ཞུའི་ཐད་མང་དུ་གཏོང་བ། མཐའ་སྐྱོང་ཐད་ལྡབ་འཕར་ཡོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་རྒན་གསོའི་དངུལ་དང་སྲོག་སྐྱོབ་དངུལ་སྐར་མ་རེ་རེར་ཡང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

ཤེས་ལྡན་པས་སྣེ་ཁྲིད་བྱེད་པ་མཐའ་འཁྱོངས་བྱེད་དགོས་ཤིང་། ཤེས་ལྡན་པ་ནང་འདྲེན་དང་ཤེས་ལྡན་པ་སྐྱེད་སྲིང་ཞིབ་ཚགས་བྱེད་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པ་དང་རྣམ་གྲངས་ཟུང་འབྲེལ་དང་ཤེས་ལྡན་པ་དང་ཐོན་ལས་ཟུང་འབྲེལ་བྱེད་པར་འཚོལ་ཞིབ་ཧུར་ཐག་བྱས་ཏེ་འཐབ་ཇུས་ཀྱི་ཤེས་ལྡན་པ་དང་། ཐོན་ལས་ཀྱི་ཕུལ་བྱུང་མི་སྣ། ཕུལ་བྱུང་གཞོན་ནུ་ཤེས་ལྡན་པ། བཟོ་སྐྲུན་གྱི་བཟོ་བོ་ཤེས་ལྡན་པ་བཅས་དེ་བས་མང་བ་ནང་འདྲེན་དང་གསོ་སྐྱོང་བྱེད་དགོས།

ཞི་མཐུན་རྩ་བར་འཛིན་པ་མཐའ་འཁྱོངས་བྱེད་དགོས་ཤིང་། ཁྲིམས་སྐྱོང་གི་ལམ་སྲོལ་ཐོག་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་ཟབ་ཏུ་གཏོང་བར་སྣང་ཆེན་བྱས་ཏེ་ལས་དོན་མ་སྤེལ་གོང་དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱེད་པ་དང་། ལས་དོན་སྤེལ་རིང་ཁྲིམས་སྐྱོང་ལ་ལྟ་ཞིབ་ཡག་པོ་བྱེད་པ། ལས་དོན་སྤེལ་རྗེས་འགལ་བ་འདུམ་འགྲིག་ཡག་པོ་བྱེད་པ་བཅས་ལ་དམིཊ་ནས་ངལ་རྩོལ་པའི་གླ་ཕོགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

སྤྱོད་གཙང་རང་གཅུན་མཐའ་འཁྱོངས་བྱེད་དགོས་ཤིང་། གཙོ་གནད་ཁུལ་དང་གཙོ་གནད་ལྷུ་ཚིཊ་ལ་དམ་པོར་དམིཊ་ནས་ནང་ཁུལ་ཚོད་འཛིན་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་དོན་ལ་ལྟ་སྐུལ་དང་ལས་གནས་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱི་ཐོག་ནས་འགན་བཅོལ་གཡོ་ལེན་དང་སྤྱི་ཚོགས་འགན་བཅོལ་མ་དངུལ་གཞན་སྤྱོད་དང་ཧམ་བཟུང་བྱེད་པ་སོཊ་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་ཞེས་གསུངས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190312.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་ འགན་སྲུང་ཅུས་སུ་བརྟག་ཞིབ་གནང་བ། /enpproperty-->