ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ།གསར་འགོད་པས་ཟླ་10ཚེས་30ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱས་པར།བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་གསུམ་གྱིས་ཉེ་ཆར《རྒྱུ་ཆ་གསར་པའི་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་སྤྱིའི་འཛུགས་སྐྲུན་ཇུས་གཞི》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ནས་2027ལོར་སླེབས་སྐབས“1+N”(ལྟེ་གནས་ཀྱི་སྟེགས་བུ་གཙོ་བོ་1དང་གྲངས་གཞིའི་ཐོན་ཁུངས་ཀྱི་མཚམས་ཚིགས་N)ཡི་རྒྱུ་ཆ་གསར་པའི་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་སྒྲོམ་གཞིའི་མ་ལག་བསྐྲུན་རྒྱུ་དང་། 2035ལོར་སླེབས་སྐབས་རྒྱུ་ཆ་གསར་པའི་གྲངས་གཞི་ཆེན་པོའི་ལྟེ་གནས་མ་ལག་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་འབྲེལ་འཁོར་སྐྱོད་བརྟན་པོ་ཡོང་བར་བྱས་ནས་གྲངས་གཞིའི་གཞི་ཁྱོན་རྒྱལ་སྤྱིའི་སྐས་རིམ་རུ་ཁག་དང་པོར་སླེབས་པར་བྱ་རྒྱུ་རེད།
རྒྱུ་ཆ་གསར་པའི་གྲངས་གཞི་ཆེན་པོའི་ལྟེ་གནས་ནི་རྒྱུ་ཆ་གསར་པའི་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་འཇུག་གསར་སྤེལ་གྱི་རྨང་གཞིའི་སྒྲིག་བཀོད་གསར་པ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན།རྒྱུ་ཆ་གསར་པའི་གྲངས་གཞི་ཆེན་མོའི་ལྟེ་གནས་ཀྱི་དམིགས་ཡུལ་ནི་ལམ་སྲོལ་གསར་གཏོད་དང་།མཐུན་སྦྱོར་གསར་གཏོད། གྲུབ་འབྲས་གཞན་སྒྱུར་བཅས་ལ་གཞི་ཚུགས་ཏེ་རྒྱུ་ཆ་གསར་པའི་གྲངས་གཞིའི་ཐོན་ཁུངས་ལྟེ་གནས་དང་། གྲངས་གཞིའི་ཐོན་རྫས་ཞིབ་སྤེལ་ལྟེ་གནས། གྲངས་གཞིའི་རྨང་གཞིའི་ཐོན་རྫས་དང་མངགས་བཟོ་ཅན་གྱི་ཞབས་ཞུ་མཁོ་འདོན་ལྟེ་གནས་བཅས་བསྐྲུན་རྒྱུ་དེ་ཡིན་པ་དང་དེའི་ནུས་པ་གཙོ་བོ་ནི་རྒྱུ་ཆའི་གྲངས་གཞི་གཅིག་སྡུད་ཀྱི་ཚད་གཞི་དང་མཉམ་འདྲེས་སྟེགས་བུ་བསྐྲུན་རྒྱུ་དང་།ཐུན་མོང་རང་བཞིན་དང་ལག་རྩལ་གསར་ཤོས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱུ་ཆའི་གྲངས་གཞིའི་མཉེན་ཆས་ཐོན་རྫས་གསར་སྤེལ་ཉེར་སྤྱོད་བྱ་རྒྱུ།རྒྱུ་ཆའི་གྲངས་གཞིའི་སྤྱི་ཕན་ཞབས་ཞུ་མཁོ་འདོན་བྱ་རྒྱུ། རྒྱུ་ཆའི་གཞི་རྐྱེན་ཁྱབ་ཁོངས་གསར་གཏོད་ཤེས་ལྡན་པའི་དཔུང་ཁག་འཛུཊ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱུ་ཆའི་གྲངས་གཞི་དང་ལག་རྩལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་སོགས་རེད།
འཛུགས་སྐྲུན་ཇུས་གཞིའི་ནང་རྒྱུ་ཆ་གསར་པའི་གྲངས་གཞི་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་ལས་འགན་ཁ་གསལ་བཏོན་པའི་ནང་རྒྱུ་ཆ་གསར་པའི་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་སྒྲོམ་གཞིའི་མ་ལག་འཛུགས་རྒྱུ་དང་།གྲངས་གཞིའི་འཁོར་རྒྱུག་ཉེར་སྤྱོད་མ་ལག་འཛུགས་རྒྱུ།རྒྱུ་ཆ་གསར་པའི་གྲངས་གཞི་ཆེན་པོའི་ལག་རྩལ་ཉེར་སྤྱོད་ཀྱི་འབྱུང་ཁམས་ལེགས་སུ་གཏོང་རྒྱུ་བཅས་ཚུད་ཡོད།
གསར་འགོད་པས་ཤེས་རྟོཊ་བྱས་པར་གཞིགས་ན།རྗེས་མར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་སྤྱི་འདོམས་ཐོག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་།སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྣ་མང་ཅན་གྱི་མ་དངུལ་དང་གྲངས་གཞིའི་ཐབས་ལམ་འཛུགས་པ། ཤེས་ལྡན་པར་སྐུལ་ལྕག་དང་། གསོ་སྐྱོང་། ནང་འདྲེན་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ།གྲངས་གཞིའི་བདེ་འཇགས་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱུ་ཆ་གསར་པའི་གྲངས་གཞི་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社