分享按钮

ཚན་རྩལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱ་རྒྱུར་རོགས་རམ་བྱེད།

རང་གྲོང་གིས་དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་འགྲེམས་ཚོགས་སྐབས་དང་པོ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་28ཉིན། གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཚན་རྩལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱ་རྒྱུར་རོགས་རམ་བྱེད”ཅེས་པ་གཙོ་དོན་དུ་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་འགྲེམས་ཚོགས་སྐབས་དང་པོ་གཉེར་ཞིང་། འགྲེམས་ཚོགས་ཐོག་དགོས་མཁོ་ཡོད་པའི་དབང་པོ་སྐྱོན་ཅན་དང་། རྒན་རྒོན། དེ་བཞིན་ཁྱིམ་མི་བཅས་མི་ཉུང་བ་ཞིག་འགྲེམས་ཚོགས་ལ་ལྟ་བར་ཡོང་ཡོད།

བྱེད་སྒོ་སྤེལ་ཡུལ་དུ། གསར་འགོད་པར་རིགས་མི་འདྲ་བའི་དབང་པོ་སྐྱོན་ཅན་ལ་མཁོ་གལ་ཆེ་བའི་ཚན་རྩལ་རོགས་སྐྱོར་ཐོན་རྫས་མང་པོ་མཐོང་བ་སྟེ། དེའི་ནང་གེགས་མེད་རམ་འདེགས་སྒྲིག་ཆས་དང་། བདེ་ཐང་སླར་གསོའི་སྦྱོང་བརྡར། མིག་ཤེད་དང་ཉན་ནུས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། འགྲེམས་ཚོགས་ལ་ལྟ་རུ་ཡོང་མཁན་གྱི་དབང་པོ་སྐྱོན་ཅན་དང་། རྒན་རྒོན། ཁྱིམ་མི་བཅས་ཀྱིས་རང་ཉིད་ཀྱི་དགོས་མཁོ་ལྟར། ལས་དོན་པས་འགྲེལ་བཤད་བརྒྱབ་པ་དང་རོགས་རམ་འོག་གཞོགས་འདེགས་ཡོ་བྱད་སྣ་ཚོགས་ལ་ཤེས་རྟོགས་དང་ཉམས་ལེན་བྱེད་བཞིན་ཡོད། དངོས་སུ་ངོ་སྤྲོད་དང་ཡུལ་དངོས་སུ་ཉམས་ལེན་བྱས་པ་བརྒྱུད། རིགས་མི་འདྲ་བའི་དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་ལ་ཐད་ཀར་ཤེས་རྟོགས་ཐུབ་ནས་རང་ཉིད་ལ་འཚམ་པའི་ཡོ་བྱད་དེ་བས་ལེགས་པའི་ངང་འདེམས་ཐུབ་ཡོད།

དབང་པོ་སྐྱོན་ཅན་འཇིག་བསྟན་གྱིས་འགྲེམས་ཚོགས་ལ་བལྟས་རྗེས། ད་ཐེངས་ཀྱི་འགྲེམས་ཚོགས་ཐོག་ང་ཚོས་རང་ཉིད་ལ་མཁོ་བའི་ཡོ་བྱད་ཐད་ཉམས་ལེན་བྱེད་ཆོག དེ་སྔ་འབྲེལ་ཡོད་ཚན་པས་ང་ཚོར་འཕྲུལ་ཆས་སྒྲིག་སྦྱོར་བྱེད་རོགས་བྱེད་ཀྱི་ཡོད་མོད། སྒྲིག་ཆས་ཁག་ཅིག་ཁྱིམ་ལ་འཁྱེར་ཡོང་རྗེས་ཇི་ལྟར་བེད་སྤྱོད་གཏོང་དགོས་མིན་གསལ་པོ་ཤེས་ཀྱི་མི་འདུག དེ་རིང་གི་འགྲེམས་ཚོགས་ཧ་ཅང་ཡག་པོ་འདུག སླད་ཕྱིན་ཡང་བྱེད་སྒོ་འདིའི་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

ད་ཐེངས་ཀྱི་འགྲེམས་ཚོགས་ཀྱིས་རམ་འདེགས་ཡོ་བྱད་འགྲེམས་སྟོན་དང་། ཉམས་ལེན། སྲིད་ཇུས་དྲིལ་བསྒྲགས། ཆེད་དོན་འཆད་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་ཁྱོན་རིགས་ཆེ་གྲས་10ཡི་རམ་འདེགས་ཡོ་བྱད་230འགྲེམས་སྟོན་བྱས་པ་དང་།དེས་སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་དོ་ཁུར་བྱེད་ཚད་དང་བསམ་ཤེས་བྱེད་ཚད་ཆེ་རུ་ནུས་ལྡན་ཕྱིན་ནས་ཚན་རྩལ་ཐོན་རྫས་དང་ཞབས་ཞུ་དེ་བས་མང་བ་མང་ཚོགས་དཀྱུས་མས་ཉམས་ལེན་བྱས་པ་དང་། དེས་དབང་པོ་སྐྱོན་ཅན་སྔར་བས་མང་བར་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད།

གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བདེ་ཐང་སླར་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་སྐལ་ཆོས་ཀྱིས། ད་ཐེངས་འགྲེམས་ཚོགས་དེ་འདྲ་ཞིག་སྤེལ་བའི་དམིགས་ཡུལ་ནི་ཚང་མས་ས་ཐག་ཉེ་ས་ནས་བདེ་ཐང་སླར་གསོའི་རམ་འདེགས་ཡོ་བྱད་མཐོང་ཐུབ་པ་དང་། རེག་ཐུབ་པ། ཉམས་ལེན་བྱེད་ཐུབ་པ་བཅས་བྱས་ནས་ཚང་མར་རམ་འདེགས་ཡོ་བྱད་དང་བདེ་ཐང་སླར་གསོའི་གལ་ཆེའི་རང་བཞིན་ལ་སྐུལ་འདེད་གཏོང་བའི་ངོས་འཛིན་ཟབ་ཏུ་གཏོང་རྒྱུ་དེ་ཡིན། རྗེས་མར། ང་ཚོས་མུ་མཐུད་ནས་རམ་འདེགས་ཡོ་བྱད་ཐོན་ཁུངས་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-01 ཚན་རྩལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱ་རྒྱུར་རོགས་རམ་བྱེད། 6 6 拉萨日报藏文 c190291.html 1 རང་གྲོང་གིས་དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་འགྲེམས་ཚོགས་སྐབས་དང་པོ་གཉེར་བ། /enpproperty-->