分享按钮

རྡོ་སེང་གེ་ལམ་གྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ ཚ་ཚ་འུར་འུར་ངང་སྤེལ་བཞིན་པ།

པར་འདི་ནི་རྡོ་སེང་གེ་ལམ་གྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།རང་གྲོང་གི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་དང་སྒྱུར་བཀོད་ཀྱི་རྣམ་གྲངས་ལ་བདེ་བླག་ངང་སྐུལ་འདེད་བཏང་བ་དང་ཆབས་ཅིག་རྡོ་སེང་གེ་ལམ་དེ་ད་ཐེངས་རང་གྲོང་གི་འགྲོ་ལམ་ཁག་12ཀྱི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་རིམ་སྤོར་རྣམ་གྲངས་ཀྱི་འགག་རྩའི་མཇུག་བསྡུའི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ཟླ་10ཚེས་15ཉིན་ཨར་ལས་འགོ་ཚུགས་པ་ནས་བཟུང་ཚང་མས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། མིག་སྔའི་བར་རྣམ་གྲངས་དེའི་མདོང་ལམ་ས་འོག་ཏུ་འཇུག་པའི་ལས་ཀ་སྤྱིའི་བརྒྱ་ཆ་95ལེགས་གྲུབ་ཟིན་ནས་ལས་མཇུག་བསྡུ་བའི་དུས་མཚམས་སུ་སླེབས་ཉེར་ཡོད།

ཟླ་10ཚེས་28ཉིན་གསར་འགོད་པ་རྡོ་སེང་གེ་ལམ(གླིང་སྐོར་བྱང་ལམ་ནས་ཅང་སུའུ་ལམ་གྱི་ལམ་མདོ་བར)དུ་སྐྱོད་སྐབས། འཕྲུལ་ཆས་ཆེ་གྲས་འགའ་ཞིག་གིས་ལམ་དུམ་ལྷག་མ་རྣམས་སྔོག་པ་དང་བསྐྱར་གསོའི་ལས་ཀ་བྱེད་བཞིན་ཡོད།རྣམ་གྲངས་ཀྱི་ཡུལ་དངོས་སུ་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་དང་དེ་བཞིན་བཟོ་པ་ཚོས་ནུས་ཤུགས་ཡོད་རྒུས་ལས་དོན་ལ་དམ་འཛིན་བྱས་ནས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ལས་ཡུལ་དུ་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་ངང་ཨར་ལས་བྱེད་པའི་རྣམ་པས་ཁེངས། ཨར་ལས་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།རྡོ་སེང་གེ་ལམ་གྱི་དུམ་བུ་ལྷོ་མ་དང་དུམ་བུ་བྱང་མའི་མདོང་ལམ་ཚང་མ་ས་འོག་ཏུ་སྦས་ནས་ལས་མཇུག་འགྲིལ་ཡོད།

ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཚོགས་པ་ཚད་ཡོད་ཀུང་སིའི་རྣམ་གྲངས་ལག་རྩལ་གྱི་འགན་འཁུར་བ་ཀྲང་ཅན་གྱིས་མིག་སྔའི་བར་རྡོ་སེང་གེ་ལམ་གྱི་མདོང་ལམ་ས་འོག་ཏུ་འཇུག་པའི་ལས་ཀ་སྤྱིའི་བརྒྱ་ཆ་95ལེགས་གྲུབ་ཟིན་པ་དང་།ཡན་ལག་མདོང་ལམ་ལྷག་མ་ཁག་ཅིག་སྔོག་པ་དང་།ས་དོང་རྒྱོང་བ།གྲུབ་ཆའི་རིམ་པའི་ཨར་ལས་སོགས་ལ་ཟླ་ཕྱེད་ཙམ་དགོས་པས་འགྲོ་ལམ་ཧྲིལ་པོ་ཟླ་11པའི་ཟླ་དཀྱིལ་དུ་ལས་མཇུག་འགྲིལ་ནས་ཤར་གཏོང་ཐུབ་རྒྱུ་རེད་ཅེས་བཤད།

གཞན་ཡང་།རྡོ་སེང་གེ་ལམ་དང་པེ་ཅིང་ལམ་གྱི་འབྲེལ་མཚམས་སུ་གསར་འགོད་པས་འགྲིམ་འགྲུལ་གྱི་གནོན་ཤུགས་ཅུང་ཆེ་བའི་གནས་ཚུལ་འོག གྲོང་མིའི་ཕྱིར་སྐྱོད་ཀྱི་བདེ་འཇགས་དང་ལས་གྲྭ་བདེ་བླག་ངང་བསྒྲུབ་ཆེད།རྡོ་སེང་གེ་ལམ་གྱི་ཨར་ལས་ཕྱོགས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཨར་ལས་དང་གྲོང་མིའི་འཚོ་བ་ཞི་མཐུན་དང་མཉམ་གནས་ཡོང་བའི་འགན་ལེན་ནུས་ལྡན་བྱེད་བཞིན་པ་མཐོང་བྱུང་།

ཀྲང་ཅན་གྱིས་ཨར་ལས་བྱེད་རིང་ང་ཚོས་ཆུ་གཏོར་རླངས་འཁོར་བཀོད་སྒྲིག་བྱས་ཏེ་ལམ་ངོས་སུ་དུས་ཚོད་གཏན་འཁེལ་མེད་པར་ཆུ་གཏོར་ནས་ཐལ་རྡུལ་མི་ཡོང་བའི་འགན་ལེན་བྱས་ཡོད། འགྲིམ་འགྲུལ་འགག་པའི་གནད་དོན་ཐོན་པར་དམིགས་ནས། ང་ཚོས་འགྲིམ་འགྲུལ་བརྡ་རྟགས་བྱང་བུ་གསར་དུ་བཙུགས་ཏེ།རླངས་འཁོར་དང་འགྲུལ་པར་རླངས་འཁོར་གཏོང་ཕྱོགས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ནས་ཁོང་ཚོར་སྔ་སྣུར་དུ་ལམ་ཐིག་གི་ཆ་འཕྲིན་ཤེས་སུ་བཅུག་ཡོད། ད་དུང་ཤར་བགྲོད་འགན་ལེན་མི་སྣ་ཡང་ཆེད་མངགས་བཀོད་སྒྲིག་བྱས་ནས་འགྲིམ་འགྲུལ་ཉེན་རྟོག་པར་གཞོགས་འདེགས་བྱས་ཏེ་ཡུལ་དངོས་སུ་བཀོད་འདོམས་བྱས་ཏེ་འགྲིམ་འགྲུལ་ཤར་གཏོང་ཡོང་བར་བྱས་ཡོད།གཞན་ཡང་ད་དུང་རླངས་འཁོར་བལྟོས་བཅས་ཀྱིས་ཉུང་བའི་མཚན་མོའི་དུས་མཚམས་གང་ལེགས་སྤྱད་དེ་ཨར་ལས་བྱེད་ཀྱི་ཡོད་པས་མི་སྣ་དང་རླངས་འཁོར་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་ཚད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་གཏོང་ཐུབ་ཀྱི་ཡོད་ཅེས་བཤད།

བྱ་ཐབས་ཞིབ་ཕྲ་རབ་དང་རིམ་པ་སྤྱད་པ་བརྒྱུད་རྡོ་སེང་གེ་ལམ་གྱི་ཨར་སྐྲུན་དུམ་བུའི་འགྲིམ་འགྲུལ་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།མིག་སྔར་འགྲིམ་འགྲུལ་གྱི་གནོན་ཤུགས་ངེས་ཅན་ཞིག་ཡོད་མོད།ཨར་ལས་ཕྱོགས་ཀྱིས་མུ་མཐུད་ནས་འབད་བརྩོན་བྱས་ཏེ་འགྲིམ་འགྲུལ་དོ་དམ་དང་ལམ་སྟོན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་མིའི་ཕྱིར་སྐྱོད་བདེ་འཇགས་དང་འགྲིམ་འགྲུལ་ཤར་གཏོང་ཡོང་བའི་འགན་ལེན་བྱེད་བཞིན་ཡོད།

ཉེ་ཆར།རང་གྲོང་གི་གཞུང་ལམ་ལས་གྲྭ་12སྒྱུར་བཀོད་དང་རིམ་སྤོར་བྱས་པས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པར་མ་ཟད།ད་དུང་གྲོང་མིའི་ཕྱིར་སྐྱོད་ཀྱི་བར་མཐོངས་ཀྱང་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པས།བྱ་ཐབས་དེར་རྒྱ་ཆེའི་གྲོང་མིའི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།ཚན་རིག་དང་མཐུན་པའི་འཆར་འགོད་དང་ཨར་ལས་ཞིབ་ཚགས་བྱས་པ་བརྒྱུད་འགྲོ་ལམ་དེ་དག་སྔར་བས་ཡངས་ཤིང་རྒྱ་ཆེ་བར་གྱུར་པ་དང་།འགྲིམ་འགྲུལ་མཚོན་རྟགས་སྔར་བས་གསལ་དུ་ཕྱིན་པ།འགྲིམ་འགྲུལ་འགྲོ་ལམ་སྔར་བས་ལུགས་མཐུན་དུ་གྱུར་པ་བཅས་བྱུང་ནས་གྲོང་མིར་དེ་བས་བདེ་འཇགས་དང་སྟབས་བདེ་བའི་འགྲོ་སྐྱོད་ཁོར་ཡུག་ཅིག་བཏོད་ཡོད།

གྲོང་མི་སྤེན་པ་སྒྲོལ་མས།རྡོ་སེང་གེ་ལམ་ལ་གཞུང་ལམ་སྒྱུར་བཀོད་དང་རིམ་སྤོར་བྱེད་བཞིན་ཡོད་པས་ང་ཚོ་རྒྱུན་གཏན་ལྟར་འགྲོ་སྐྱོད་བྱེད་པར་གནས་སྐབས་སྟབས་བདེ་པོ་མེད།འོན་ཀྱང་རྗེས་ཀྱི་ཆུ་འབུད་མདོང་ལམ་དང་འགྲོ་སྐྱོད་ཆ་རྐྱེན་དེ་བས་ལེགས་སུ་གཏོངམ་བ་དེས་སྔར་བས་ཀྱང་སྟབས་བདེ་བསྐྲུན་རྒྱུ་རེད་ཅེས་བཤད།

གྲོང་མི་དགྲ་འདུལ་གྱིས།ཉེ་དུས།ལྷ་ས་གྲོང་ཁྱེར་གྱིས་འགྲོ་ལམ་སྒྱུར་བཀོད་ལས་གྲྭར་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པས་འགྱུར་ལྡོག་དེ་ལས་ཐོན་པའི་དགེ་མཚན་ལྡན་པའི་ཤུགས་རྐྱེན་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང་།སྒྱུར་བཀོད་བྱས་ཟིན་པའི་ཅང་སུའུ་ལམ་དང་པེ་ཅིང་ལམ་ལ་བལྟས་ཚེ།འགྲོ་ལམ་དེ་གཉིས་སྔར་བས་མཛེས་སུ་དང་རྒྱ་ཆེ་རུ་ཕྱིན་པར་མ་ཟད།འགྲོ་སྐྱོད་ཀྱི་ཆ་རྐྱེན་ཡང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། འདིར་དམིགས་སུ་གླེང་དགོས་པ་ཞིག་ནི་འགྲོ་ལམ་དེ་དག་གི་མི་བགྲོད་ལམ་བུའི་ཐོག་ཏུ་ལོང་བའི་ལམ་ཇུས་འགོད་དེ་བས་གསལ་ལ་ལུགས་མཐུན་བྱས་ཡོད་པས་མང་ཚོགས་ཀྱི་བདེ་སྣང་ཆེ་རུ་ཕྱིན་ཡོད་ཅེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-01 6 6 拉萨日报藏文 c190292.html 1 རྡོ་སེང་གེ་ལམ་གྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ ཚ་ཚ་འུར་འུར་ངང་སྤེལ་བཞིན་པ། /enpproperty-->